༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་དགུང་ལོ་ ༨༤ པའི་ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་གནང་འདུག
སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གི་བུ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་བི་ཇིཊ་མུ་ཁར་ཇི་ (Abhijeet Mukherjee) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ (Bharat Ratna) ཐོབ་མཁན་དང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ང་ཚོ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་།
སྐུ་ཞབས་དམ་པ་པར་ནབ་མུ་ཁར་ཇི་མཆོག་ནི་རྒྱ་གར་གྱི་སྲིད་འཛིན་བཅུ་གསུམ་པ་དེ་ཡིན་པ་མ་ཟད། ཁོང་གི་ཆབ་སྲིད་ཀྱི་ལས་ཡུན་ནང་རྒྱ་གར་གཞུང་གི་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད། ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་གྱི་ཆབ་སྲིད་ནང་ཆ་ཤས་མང་པོ་བཞེས་མཁན་ཞིག་དང་། གུས་བཀུར་ཆེ་ཤོས་གནང་ཡུལ་གྱི་ཆབ་སྲིད་མི་སྣའི་གྲས་ཤིག་ཡིན། ཁོང་ནི་ཐུགས་རྒྱུད་དྲང་ཞིང་། གུ་ཡངས་ཅན་གྱི་ཆབ་སྲིད་མི་སྣ་ཞིག་ཡིན་སྟབས་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་ཆབ་སྲིད་མི་སྣ་བཅས་ཚང་མས་གུས་བརྩི་ཆེན་པོ་གནང་གི་ཡོད།
སྐུ་ཞབས་ཁོང་ནི་ཡིད་ཆེས་འཕེར་བའི་དབུ་འཁྲིད་ཅིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་དབུ་འཁྲིད་ནང་ཁུལ་ལའང་ཕན་ཚུན་ཡིད་ཆེས་དགོས་གལ་སྐོར་གསུང་མཁན་ཞིག་དང་། རྒྱ་གར་གྱི་ཆབ་སྲིད་ནང་མཐུན་སྒྲིལ་བཟོ་མཁན་ཞིག་ཀྱང་ཡིན། ཁོང་གིས་རྒྱ་གར་རྒྱལ་ཁབ་འཕེལ་རྒྱས་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ང་ཚོས་ཁོང་གིས་བཞག་པའི་སྐུ་ཚེའི་མཛད་རྗེས་དག་ལ་བསྔགས་བརྗོད་ཞུ་རྒྱུ་མ་ཟད། དེས་ང་ཚོར་རྟག་ཏུ་སེམས་ཤུགས་སྤར་གྱི་རེད།
རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༦ ལོར་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་དང་ལྷན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་གྱི་ཕོ་བྲང་དུ་གདན་ཞུས་དང་མཇལ་འཕྲད་གནང་ཡོད།
ཕྱི་ལོ་ ༢༠༡༧ ལོར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞིག་ལ་སྐུ་ཞབས་ཨ་བི་ཇིཊ་མུ་ཁར་ཇི་མཆོག་ནས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བ་མ་ཟད། སྐབས་དེར་སྐུ་ཉིད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ང་ཚོས་སླར་ཡང་སྐུ་ཉིད་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །