༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་མངའ་སྡེ་སོ་སོའི་ནང་གི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མཐོ་སློབ་དང་རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་བོད་དོན་ཞུ་སྐུལ་རྒྱ་གང་ཆེ་གནང་རྒྱུ་དང་། དེ་བཞིན་བརྒྱུད་ལམ་ཁག་ཏུ་འབྲེལ་བ་གནང་རྒྱུ་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཆེད་ཞུ་སྙན་དོན་ཚན་ ༡༠ འཁོད་ཅན་དང་། བོད་ཀྱི་ལོ་རྒྱུས་དང་ད་ལྟའི་ཛ་དྲག་གནས་སྟངས་སོགས་འཁོད་པའི་ལྟེབ་ཤོག་ཡིག་ཆ་མངའ་སྡེ་ཁག་མ་འདྲ་བ་སོ་སོའི་སྐད་ཡིག་ནང་བསྒྱུར་བ། ༸གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག་སོགས་དགོས་ངེས་ཀྱི་ཡིག་ཆ་རྣམས་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ་རྒྱ་བལ་གཉིས་སུ་ཡོད་པའི་སྤྱི་འཐུས་རྣམས་སྡེ་ཚན་ ༡༡ ལ་ཆ་བགོས་གནང་ཡོད་པའི་ཁོངས་སྡེ་ཚན་ ༡༠ པ་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་ཚོགས་མི་རྣམས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལི་ནས་ཀོལ་ཀ་ཏ་གནམ་ཐང་དུ་ཕེབས་འབྱོར་གནང་བ་དང་།
སྐབས་དེར་ཁུལ་དེའི་ (Ganasamannay, Kolkata) ཚོགས་པའི་གོ་སྒྲིག་འོག་འབྲེལ་མཐུད་པ་ལྕམ་སྐུ་ རུ་པི་ ཁེམ་ཀ་ (Rupee Khemka) མཆོག་དང་། སྐུ་ཞབས་ ཨན་ཀིཏ་ གུབ་ཏ་ (Ankit Gupta) ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་དང་བཅས་ཆུ་ཚོད་ ༧།༤༠ ཐོག་སྡོད་གནས་མགྲོན་ཁང་དུ་ཕེབས་འབྱོར་སྐབས་ (Ganasamannay, Kolkata) ཚོགས་པའི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ རུ་བྷེ་ མུ་ཁར་ཇེ་ (Ruby Mukherjee) མཆོག་ནས་སྣེ་ལེན་ཞུས་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་ ༧།༠༠ བར་ (The Ramakrishna Mission Institute) ཞེས་པའི་བསྟི་གནས་ཁང་གི་བྷར་མ་ནན་དྷ་ཚོམས་ཆེན་ (Brahmananda Hall) དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ རུ་བྷེ་ མུ་ཁར་ཇེེ་མཆོག་གི་གཙོ་སྐྱོང་འོག་ (R K Mission) གྱི་སྤྱི་ཁྱབ་དྲུང་ཆེ་སློབ་དཔོན་ སུ་པར་ན་ ནན་དྷ་ (Swami Suparnananda ji) མཆོག་དང་། སློབ་དཔོན་ཨན་ཏར་ ཧི་མ་ལ་ཡ་ (Swami Antar Himalaya) མཆོག སློབ་དཔོན་ཆེན་མོ་ ཕུ་ལཀ་ ན་རན་ཡན་ དྷར་ (Prof. Pulak Narayan Dhar) མཆོག སློབ་དཔོན་འཇིགས་མེད་ཡེ་ཤེས་མཆོག་བཅས་ལྷན་བཞུགས་ཐོག་གལ་ཆེའི་གནད་ཡོད་མི་སྣ་ ༣༠ ཙམ་འདུ་འཛོམས་ཀྱིས་བོད་དོན་ངོ་སྤྲོད་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཏེ་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་།
དེ་ནས་སློབ་དཔོན་ སུ་པར་ན་ ནན་དྷ་མཆོག་གིས་ཕེབས་བསུའི་གསུང་བཤད་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་འཚེ་མེད་ཞི་བའི་ཐབས་ལམ་གལ་ཆེ་ཡིན་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་སྤྱི་ལྷན་གྱི་བོད་དོན་ཞུ་སྐུལ་བྱེད་དགོས་དོན་གྱི་ངོ་སྤྲོད། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་སྐོར་སོགས་ངོ་སྤྲོད། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བོད་དེ་རྒྱལ་སྤྱི་དང་རྒྱ་གར་བཅས་པར་གལ་གནད་ཇི་ལྟར་ཆགས་ཀྱི་ཡོད་པའི་སྐོར་ངོ་སྤྲོད། སློབ་དཔོན་ ཨན་ཏར་ ཧི་མ་ལ་ཡ་མཆོག་ནས་བོད་དོན་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱོགས་དང་འབྲེལ་བའི་གཏམ་བཤད་བཅས་གནང་རྗེས། ཚོགས་ཞུགས་པའི་དྲི་བར་ལན་འདེབས་དང་། སློབ་དཔོན་འཇིགས་མེད་ཡེ་ཤེས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད། སྐབས་བསྟུན་གྱི་ཡིག་ཆ་ཁག་འགྲེམ་སྤེལ། གསར་འགོད་པའི་བཅར་འདྲིར་དང་ལེན་སོགས་གནང་སྟེ་ནུབ་བྷེང་གྷལ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་དབུ་འཛུགས་གནང་ཡོད་པ་བཅས།