རྒྱ་གར་གཞུང་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༥ ཉིན་རྒྱ་གར་གཞུང་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ལ་རྒྱ་གར་གཞུང་ནས་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། དེས་སྐུ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་དང་། དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་མཛད་རྗེས་རླབས་པོ་ཆེ་འཇོག་པ་མཚོན་གྱི་ཡོད།

ལོ་རྒྱུས་རང་བཞིན་ལྡན་པའི་མཛད་རྗེས་ཀྱི་དགའ་སྟོན་སྲུང་བརྩི་ཞུ་སླད། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚང་མས་ལ་དྭགས་མི་མང་མཉམ་དུ་སངས་རྒྱས་ཀྱིས་གསུངས་པའི་བསླབ་བྱ་རྣམས་སོ་སོའི་གནས་ཡུལ་ལ་ཁྱབ་སྤེལ་ཞུ་རྒྱུ་ཡིན། དེས་མི་རབས་གཞོན་པ་རྣམས་ཀྱིས་སྐུ་ཉིད་ཀྱི་མཛད་རྗེས་ལ་མིག་དཔེ་བླང་རྒྱུར་སེམས་ཤུགས་སྤར་ངེས་ཡིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར། སྐུ་ཉིད་ཀྱིས་ནང་པ་སངས་རྒྱས་པའི་བསླབ་བྱ་དང་། རིག་གཞུང་གཞིར་བཞག་འགྲོ་བ་མིའི་སྤྱི་ཚོགས་ནང་མུ་མཐུད་ཞབས་འདེགས་ཞུ་རྒྱུའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད་ཅེས་འཁོད་འདུག་པ་བཅས། །