རྒྱ་གར་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། རྒྱ་གར་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ (Central Council of Indian Medicine,AYUSH) ཀྱི་ཚོགས་གཙོ་སྨན་པ་ལྕམ་སྐུ་ Dr.Vanitha MurliKumar མཆོག་དང་། ཚོགས་གཞོན་སྨན་པ་ Dr. V. Arunachalan མཆོག དྲུང་ཆེ་སྨན་པ་ Dr.Natarajan ལགས་ ཉམས་ཞིབ་པ་སྨན་པ་ Dr.Padma Gyurmey ལགས་བཅས་བཞུགས་སྒར་དུ་རྒྱ་གར་གཞུང་གི་གཞུང་འབྲེལ་ཐོག་སྨན་རྩིས་ཁང་ལ་གཟིགས་ཞིབ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་མཇལ་འཕྲད་ཆེད་ཕེབས་གནང་མཛད་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༧ ལོའི་ཟླ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་སྨན་རྩིས་ཁང་བརྒྱུད་རྒྱ་གར་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། ཚོགས་གཞོན།  དྲུང་ཆེ། ཉམས་ཞིབ་སྨན་པ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་རྣམས་ལ་སྣེ་ལེན་གཟབ་རྒྱས་གནང་བ་དང་ཆེས་མཐོའི་ཕྱག་རྟགས་ཤིག་ཀྱང་ཕུལ་གནང་ཡོད། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གཉིས་སུ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དང་། ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་གནས་བབ། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་འཕེལ་རིམ་སྐོར། བོད་མིའི་འཐབ་རྩོད་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་གནང་ཡོད། དེ་བཞིན་བོད་ཀྱི་རྩ་དོན་ཐོག་ལའང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་དང་། རྒྱ་གར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཞིག་བསྐོ་གཞག་གནང་རྒྱུའི་རེ་བ་བཏོན་པ་བཞིན་ཞལ་བཞེས་བཟང་པོ་ཐོབ་པ་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གཟིགས་བསྐོར་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།།