རྒྱ་གཞུང་གིས་ཡེ་ཤེས་རིག་གསལ་བུ་སྤུན་གཉིས་ཀྱི་ཤུལ་ལུས་ནང་མི་འཛིན་བཟུང་བྱེད་བཞིན་པ།

འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༡༦ ཉིན་རྒྱ་དམག་གིས་དམར་གསོད་བཏང་བའི་ཡེ་ཤེས་རིག་གསལ་སྤུན་གཉིས་ཀྱི་ཨ་མ་རང་ལོ་ ༧༠  ཡས་མས་ཡིན་པའི་སངས་ལྷ་དང་ཁོང་གཉིས་དང་ཕ་མ་གཅིག་པའི་སྤུན་ཡོན་ཏན་བཟང་པོ། ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་བཅས་འཛིན་བཟུང་བྱས་ཡོད་འདུག་པ་དང་། ད་ལྟ་མང་ཚོགས་ཁྲོད་དུ་ཡོན་ཏན་བཟང་པོ་ཡང་ཤི་ཚར་ཡོད་པའི་གནས་ཚུལ་གྲགས་འདུག་ཀྱང་ཤི་གསོན་ཀྱི་གནས་ཚུལ་གསལ་པོར་མ་ཤེས།  གཞན་ཡང་ཁོང་ཚོའི་གཉེན་ཉེ་ཡིན་པའི་དྭ་ཕྲུག་ལོ་བཅུ་བཞི་ཙམ་ཡིན་པ་བུ་མོ་ལྷ་སྐྱིད་སྒྲོལ་མ་དང་མོའི་གཅུང་མོ་དབྱངས་ཅན་སྐྱིད་གཉིས་སློབ་གྲྭའི་གུང་གསེང་སྐབས་ཁོང་ཚོའི་ནང་དུ་སླེབས་ཡོད་སྟབས་དེ་གཉིས་ལ་ཡང་རྨས་སྐྱོན་ཕོག་སྟེ་འཛིན་བཟུང་བྱས་ཡོད་འདུག

ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་དང་བུ་ཕྲུག་བཞི་ཡོད་པ་བཅས་ལ་ཅི་བྱས་ཡོད་མེད་གནས་ཚུལ་ཤེས་རྟོགས་མ་བྱུང་། སྤྱིར་ཁོང་ཚོ་ལ་ཕ་མ་གཅིག་པའི་བུ་མོ་གཅིག་དང་བུ་ལྔ་བཅས་མིང་སྲིང་དྲུག་ཡོད་ན་ཡང་ཚང་མས་མི་ཚང་ལོགས་སུ་བཟུང་ཚར་འདུག དེང་སྐབས་བྲག་མགོ་རུ་རྒྱ་དམག་གིས་ཚད་ལས་བརྒལ་བའི་དམ་དྲག་དང་། ཡུལ་མི་མང་པོ་འཇུ་བཟུང་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག

ཟླ་ ༢ ཚེས་ ༩ ཉིན་བྲག་མགོ་རྫོང་ནོར་ཆུང་ཤང་གི་འབྲོག་སར་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་བུ་རང་ལོ་ ༤༠ ཡིན་པ་གྲྭ་ཡེ་ཤེས་རིག་གསལ་དང་། རང་ལོ་ ༣༨ ཡིན་པ་ཡེ་ཤེས་བསམ་འགྲུབ་གཉིས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་དམར་གསོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་དམག་གཅིག་བསད་ཡོད་པའི་གནས་ཚུལ་ཐོན་ཡོད། །

Menu