ཕྱི་ལོ་༢༠༡༣ ཟླ ༡ ཚེས༣༡ ཉིན། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབྲིང་རིམ་དམངས་ཁྲིམས་ཁང་ཟེར་བས་རྔ་པའི་བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གཉིས་ལ་མི་བསད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་སྲོག་ཁྲིམས་བཅད་དེ་ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ཚེ་གང་བོར་འཕྲོག་རྒྱུ། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཡི་དུས་བཀག་བཙོན་འཇུག་དང་། ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་འཕྲོག་རྒྱུའི་ཁྲིམས་ཐག་བཅད་འདུག་པ་དང་། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་འབྲེལ་སི་སི་ཊེ་ཝེ་(cctv)ནང་། བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གཉིས་ཀྱིས་རྔ་པ་ས་ཁུལ་གྱི་རང་ལུས་མེར་བསྲེགས་གནང་མཁན་སྐོར་ཞིག་ལ་ངན་བསྐུལ་བྱས་ཡོད་སྐོར་གྱི་ཉེས་འཛུགས་གློག་བརྙན་ཞིག་ཀྱང་འགྲེམ་སྤེལ་བྱས་འདུག
ཡང་། ཕྱི་ལོ་༡༠༡༣ ཟླ་ ༡ ཚེས་ ༣༡ ཉིན། མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་རྒྱ་གཞུང་མི་དམངས་ཁྲིམས་ཁང་ཟེར་བས། བོད་མི་པདྨ་དོན་འགྲུབ་ལ་ལོ་ ༡༢ བཙོན་འཇུག་དང་། ལོ་ ༢ ཆབ་སྲིད་ཁེ་དབང་བཙན་འཕྲོག སྐལ་བཟང་རྒྱ་མཚོར་ལོ་ ༡༡ བཙོན་འཇུག་དང་། ལོ་ ༡ ཆབ་སྲིད་ཁེ་དབང་བཙན་འཕྲོག པདྨ་འཚོར་ལོ་ ༨ བཙོན་འཇུག་དང་། ལྷ་མོ་དོན་འགྲུབ་ལ་ལོ་ ༧ བཅས་མི་བཞི་ལ་བསམ་བཞིན་མི་བསད་པའི་ནག་ཉེས་ཀྱི་བཙོན་འཇུག་དང་། གདུགས་དཀར་རྒྱལ་ལ་ལོ་ ༤ དང་། གཡང་མོ་སྐྱིད་ལ་ལོ་ ༣ བཅས་ཁོང་གཉིས་ལ་སྤྱི་ཚོགས་ནང་ཟིང་ཆ་བསླངས་པའི་ཉེས་འཛུགས་བྱས་ཏེ། ཁྲིམས་དང་ལམ་ལུགས་གང་དང་ཡང་མི་མཐུན་པའི་ཁྲིམས་ཐག་བཅད་འདུག
དེ་ཡང་། ཕྱི་ལོ་༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན། མདོ་སྨད་བླ་བྲང་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་ཏུ། རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་སྐབས། རྒྱ་གཞུང་ཉེན་རྟོག་དམག་མིས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་རྩིས་བྱས་པར། ས་གནས་བོད་མི་ཚོས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཁོང་གི་རང་ཁྱིམ་དུ་གདན་འདྲེན་བྱས་ཡོད་སྟབས། རྒྱ་གཞུང་གིས་སྐུ་ཕུང་གདན་འདྲེན་བྱེད་མཁན་བོད་མི་ཚོར་བསམ་བཞིན་མི་བསད་པ་དང་། ཟིང་ཆ་བསླངས་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཡང་། ཕྱི་ལོ་༢༠༡༣ ཟླ༢ ཚེས་ ༢ ཉིན་གྱི་སྔ་དྲོར་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་ ༤༢ ཡིན་པའི་གྲྭ་ཡར་འཕེལ་ལགས་དང་། གྲྭ་སྒྲ་དབྱངས་ལགས་གཉིས་ས་གནས་ཀྱི་མངགས་གཏོང་ཁང་དུ་འབོད་འགུགས་ཀྱིས་འདྲི་བརྩད་བྱས་ཡོད་པར་མ་ཟད། ཉེ་ལམ་གྲྭ་སྒྲ་དབྱངས་ལགས་ནད་པ་ཡིན་པའི་དབང་གིས་ཀློད་གྲོལ་བཏང་ཡོད་ཀྱང་། གྲྭ་ཡར་འཕེལ་ལགས་ལ། ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བཤད་འདུག་པ་དང་། ཁོང་ད་ལྟའི་ཆར་རེབ་གོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
ཁོང་གཉིས་འཛིན་བཟུང་བྱ་དོན་ནི། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ཚེས་ ༤ ཉིན། རེབ་གོང་ཆུ་མ་ཀླུ་གཤོང་སྡེ་བའི་རང་ལོ་ ༢༥ ཡིན་པའི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་གདོང་རྒྱ་གླད་ནས་ཀླུ་གཤོང་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་སྐབས། གྲྭ་ཡར་འཕེལ་ལགས་ཀྱི་རྒྱལ་གཅེས་པ་ཁོང་གི་སྐུ་པར་བཟུང་བ་དང་། གྲྭ་སྒྲ་དབྱངས་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་བཟུང་སྟེ་སྐུ་ཐལ་གདན་འདྲེན་ཞུས་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཡིན་འདུག
གྲྭ་ཡར་འཕེལ་ལགས་ནི། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་ཨ་ཞང་ཡིན་པ་དང་། ཕ་མིང་ལ་ཀླུ་འབུམ་རྒྱལ་ཟེར་ཞིང་། ཉེ་ཆར་ཁོང་གཉིས་འཛིན་བྱས་རྗེས་ས་གནས་མི་མང་དང་། ནང་མི་ཉེ་འབྲེལ་ཚོས་བློ་འཚབ་བྱེད་ཀྱི་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་གཞུང་གིས་རྨ་ལྷོ་རེབ་གོང་དུ་དམག་མི་འགྲེམས་འཇོག་གིས། དམ་དྲག་དང་སུན་གཙེར་རབས་དང་རིམ་པ་བཟོ་བཞིན་པར་མ་ཟད། བོད་མི་ཚོ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་འདུག
ཡང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས ༡༥ ཉིན། མདོ་སྨད་མཚོ་སྔོན་མཚོ་ལྷོ་འབའ་རྫོང་དུ་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་གཙོས་པའི་སེར་སྐྱ་མི་མང་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་སེར་སྐྱ་མང་པོ་འཛིན་བཟུང་དང་། མང་ཚོགས་ཁྲོད་འགད་རྫས་གཡུགས་པ་དང་། གང་བྱུང་གཅར་རྡུང་བྱས་ཏེ་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་ལྟར། སྐབས་དེར་འབར་རྫས་གཡུགས་ཏེ་མགོར་རྨས་སྐྱོན་ཚབས་ཆེན་ཕོག་པའི་བོད་མི་རྒྱ་རིགས་ཐར་ལགས་གསོན་པའི་རེ་བ་མེད་ཀྱང་། ཁོང་གི་ནང་མིས་ཟླ་ ༩ ལྷག་གི་རིང་སྨན་ཁང་མང་པོར་འཁྲིད་དེ་མྱུར་སྐྱོབ་སྨན་བཅོས་དང་ཀླད་པ་ཐེངས་གསུམ་ཙམ་ལ་གཤགས་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་སྔ་དྲོར་ཟི་ལིང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་འདས་གྲོངས་སུ་གྱུར་རྗེས་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འཛོམས་ཏེ་འདས་མཆོད་བསྒྲུབས་ཡོད་འདུག
རྒྱ་རིགས་ཐར་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་སྟག་སྐོར་སྡེ་བའི་མི་ཡིན་ཞིང་། ཕ་མིང་ལ་མགོན་པོ་དང་མ་མིང་ལ་ཚེ་རིང་མཚོ་ཟེར་ཞིང་། རང་ལོ་ ༣༥ ཡིན་པ་དང་། བཟའ་ཟླའི་མིང་ལ་ལྕགས་སྒྲོན་ཟེར་བ་ཁོང་གཉིས་ལ་རང་ལོ་ ༡༣ ཡིན་པའི་བུ་ལྕགས་ཐར་དང་། རང་ལོ་ ༡༠ ཡིན་པའི་བུ་སྟག་ལྷ་ཚེ་རིང་ཟེར་བ་གཉིས་ཡོད་འདུག
ཡང་། ། ཡང་། ཕྱི་ཟླ ༢ ཚེས༨ ཉིན་སྤེལ་དོན་ལ་གཞིགས་ན། རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ཉེ་ལམ་འཛིན་བཟུང་བྱས་པའི་འཕགས་པ་ལགས་ལ་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ཐོག་ལོ ༩ དང་། རྒྱལ་ཁབ་ཁ་བྲལ་གཏོང་བར་སྐུལ་སློང་བྱས་པའི་ནག་ཉེས་ཐོག་ལོ་༥ བཅས་ཁྱོན་ལོ་༡༣ དང་། ཆབ་སྲིད་ཐོབ་ཐང་ལོ་༢ ཕྲོགས་པའི་ཁྲིམས་ཐག་བཅད་འདུག
ཡང་། ཤིན་ཧྭ་གསར་ཁང་གིས། ཕྱི་ཟླ ༢ ཚེས ༧ ཉིན། ཟི་ལིང་ནས་སྤེལ་གནས་ལ་གཞིགས་ན། མཚོ་སྔོན་ཉེན་རྟོག་པས་རྨ་ལྷོ་ཁུལ་གྱི་རང་བསྲེགས་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་༧༠ འཛིན་བཟུང་བྱས་ལུགས་བརྗོད་འདུག དེའི་ནང་མི་གྲངས་ ༥༢ ལ་དྲག་སྡོམ་འདྲི་གཅོད་དངོས་སུ་ལག་བསྟར་དང་། མི་གྲངས་ ༡༢ ལ་དངོས་སུ་འཛིན་བཟུང་ཁྲིམ་གཅོད་བྱ་གཏན་འཁེལ་ཡོད་བསྒྲགས་ཡོད།
རྒྱ་གཞུང་གིས། རང་ལུས་མེར་བསྲེགས་བྱ་དགོས་པའི་རྒྱུ་རྐྱེན་ཐད། དངོས་ཐོག་བདེན་འཚོལ་གྱིས་བསྐྱར་ཞིབ་བྱ་རྒྱུའི་ཚབ་ཏུ། རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོར། རིག་འཚོ་མ་ཟིན་པ་དང་། ནང་མིར་དཀའ་ངལ་ཡོད་མཁན། འཇིགས་སྐུལ་རིང་ལུགས་པ་དང་། དྲག་སྤྱོད་པ། ཆོས་ལུགས་ལ་རྒྱབ་གཏོད་བྱེད་མཁན། རྒྱལ་ཁབ་ཁ་བྲལ་གཏོང་མཁན། ཏཱ་ལའི་ཁ་བྲལ་རིང་ལུགས་པའི་བརྒྱུད་སྐུལ་འོག་ཏུ་འགྲོ་མཁན་སོགས་ཉེས་མིང་འདྲ་མིན་གྱི་ངན་ཁག་སྣ་ཚོགས་གཡོགས་ཏེ། བོད་ལྗོངས་དང་། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་སུ། ངན་རྒུ་ཚང་བའི་སྲིད་བྱུས་སྣ་ཚོགས་ལག་བསྟར་གྱིས། དཔེར་ན། ཕྱི་ལོ་ ༢༠༡༢ ཟླ་༡༡ ཚེས་༡༤ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ལ་དཀྱོག་བཤད་དང་། དངོས་ཡོད་མ་ཡིན་པའི་དོན་ཚན་ལྔ་ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་འདུག་པ་དང་། ཡང་། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་བསྲེགས་དང་འབྲེལ་བའི་དོན་ཚན་བདུན་ཅན་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། རང་བསྲེགས་རྒྱག་རྩིས་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི་ལྔ། རང་བསྲེགས་ལ་སྐུལ་སློང་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་སྒོར་ཁྲི་བཅུ། རང་བསྲེགས་འགོག་མཁན་ལ་སྒོར་ཁྲི་ཉི་ཤུ། རང་བསྲེགས་རྒྱག་མཁན་གྱི་ཁྱིམ་མིར་ཞལ་འདེབས་རྩ་འཛུགས་ཉེས་འདོན་བྱེད་མཁན་ལ་སྒོར་སྟོང་གཅིག་སྤྲོད་རྒྱུ་སོགས་བསླུ་བྲིད་ཀྱི་སྤྱོད་ངན་ཁྱབ་བསྒྲགས་བྱས་པ་དང་། ཡང་། ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་༣ ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འོག་རིམ་ལ་ཁྱབ་བསྒྲགས་བྱས་ཞེས་པ་ཞིག་ཁྱབ་བསྒྲགས་བྱས་འདུག
རང་བསྲེགས་ཀྱི་གནས་ཚུལ་བྱུང་ཡུལ་གྱི་ས་གནས་ཁག་ཏུ། རྒྱ་གཞུང་གིས་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད་སྣ་ཚོགས་བྱས་ཏེ། རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱིས་ངན་སྐུལ་བྱས་ཡོད་ལུགས་ཀྱི་དཔང་རྟགས་རྫུན་མ་བཟོ་ཐབས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། དངོས་དོན་ལས་བརྒལ་ཏེ་རྫུན་བཟོའི་བྱ་སྤྱོད་སྤེལ་བ་ནི། དུས་རབས་འདིའི་ནང་ནམ་ཡང་ཁུངས་འཁྱོལ་ཐབས་མེད་པ་ཞིག་ཡིན་པར་མ་ཟད། གང་བྱུང་སྲོག་ཁྲིམས་དང་། བཙོན་འཇུག འཛིན་བཟུང་། ཉེས་ཆད་འདྲ་མིན་བཅད་དང་གཅོད་བཞིན་པ་ནི། དམངས་ཀྱི་སྒྲིག་སྲོལ་དང་འགལ་ཞིང་། རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་ནང་དགྲ་ཁོན་གྱི་བག་ཆགས་དང་རྨ་ཁ་འཇོག་གཞི་ཆགས་པ་ལས། གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་ཡང་དག་པ་ཞིག་མིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ལམ་དུ་རྒྱ་གཞུང་གི་ངོ་ཚ་དང་ཞབས་འདྲེན་ཞིག་ཆགས་ཡོད་པས། རྒྱ་གཞུང་གི་འགོ་འཁྲིད་གསར་པ་ཚོས་མི་དམངས་ཀྱི་བསམ་བློ་དང་། འཚོ་བའི་དཔལ་ཡོན་གཙོ་བོར་འཛིན་པའི་སྲིད་བྱུས་གསར་པ་ཞིག་བཟུང་སྟེ། བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་དངོས་ལ་གཞིགས་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་གཞིར་བཟུང་། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་རྒྱུ་ལས། ནམ་རྒྱུན་ལྟར་ངན་ཁག་གཞན་ལ་དཀྲིས་ཏེ་བསྡད་ན། ནམ་རིང་སྒྲུང་གིས་མི་འཁྱོལ་བས། རྒྱ་གཞུང་གིས་ཡང་དག་པའི་ཁ་ཕྱོགས་བཟུང་སྟེ། དངོས་ཐོག་བདེན་འཚོལ་གྱིས་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དང་། དེ་བཞིན་བདེན་དོན་དང་རང་དབང་གི་འབོད་སྒྲ་སྒྲོག་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སྔར་ལས་ལྷག་པར་ལོ་གསར་བའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་རྒྱ་བསྐྱེད་དང་། རྟོག་ཞིབ་ཀྱིས་གདུང་སེམས་མཉམ་སྐྱེད་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་རོགས་ཞེས་ནན་བརྗོད་ཞུ་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས།
ཕྱི་ལོ་༢༠༡༣ ཟླ་༢ ཚེས་༨ ཉིན།།