ཕྱི་ལོ་ ༢༠༡༢་ ཟླ་ ༡༡ པའི་ཚེས་ ༡༥ ཉིན། བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་སུ། མདོ་སྨད་རེབ་གོང་རྒྱལ་བོ་ཀླུ་ཆུ་ཆུ་ཇ་སྡེ་བའི་རང་ལོ་ ༡༨ ཡིན་པ་རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་ལགས་ཀྱིས། ཀླུ་ཆུ་ཐང་ནས་རོང་བོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ཟེར་བའི་ས་ཆ་ནས་རང་ལུས་མེ་བསྲེགས་ཀྱིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་རྗེས་ཁོང་གི་སྐུ་ཕུང་རེབ་གོང་ཚ་རྒྱལ་དགོན་པར་གདན་ཞུས་ཀྱིས། དེར་དགེ་འདུན་པ་གཙོས་སེར་སྐྱ་བརྒྱ་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་འདུག
རྒྱལ་གཅེས་དཔའ་བོ་མཁའ་འབུལ་རྒྱལ་ལགས་ནི། རེབ་གོང་རྒྱལ་བོ་ཀླུ་ཆུ་ཆུ་ཇ་སྡེ་བའི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་། མ་མིང་ལ་སྒྲོལ་དཀར་མཚོ་གཉིས་ཀྱི་བུ་ཡིན་ཞིང་། ཕ་མ་དེ་གཉིས་ལ་ཁྱོན་བུ་ཕྲུག་མིང་སྲིང་༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་། འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་ཟེར་བ་དང་། དཔའ་བོ་ཁོང་ནི། གུ་རུ་སྐྱིད་ཀྱི་གོང་མ་དེ་ཡིན་ལ། རང་ལོ་༡༨ཡིན་འདུག
གཞན་ཡང་། བོད་ནང་ཆུ་ཚོད་ ༡༢ ཡས་མས་ཙམ་ལ། མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ ལོ་༢༣ ཡིན་པའི་རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། ལག་ཁྱེར་ཁ་པར་དང་། མཛུབ་དཀྲིས། སྲུང་འཁོར་སོགས་རང་ཁྱིམ་དུ་བཞག་སྟེ། སྡེ་བའི་འདུ་ཁང་ནང་དུ་སོང་ནས་དུང་འབུད་པ་དང་བསང་མཆོད་སོགས་བྱས་རྗེས། སྡེ་བའི་འདུ་ཁང་གི་ཆོས་རའི་ནང་། རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག རྒྱལ་གཅེས་དཔའ་མོ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བ་དུས་ཐོག་ས་གནས་མི་མང་གིས་ཤེས་རྟོགས་བྱུང་ཐུབ་མེད་པ་དང་། འདི་ཉིན་དགོང་དྲོ་ཆུ་ཚོད་ ༡༠ ཐོག རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཤིང་། སྡེ་བའི་ཉེ་འཁྲིས་ཀྱི་སྒྲུབ་སྡེ་རྫོང་དཀར་དགོན་པ་དང་། རྫོང་སྔོན་དགོན་པ། བདེ་ཆེན་དགོན་པ་བཅས་དགོན་ཁག་གསུམ་གྱིས་གཙོས་ས་གནས་སེར་སྐྱ་མང་ཚོགས་མང་པོ་འདུ་འཛོམས་ཡོད་བྱས་པའི་གནས་ཚུལ་ཐོན་ཡོད།
རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ་ལགས་ནི། རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་ཕ་བུ་ལོ་རང་ལོ་༥༠དང་། མ་བཀྲ་ཤིས་སྒྲོལ་མ་རང་ལོ་ ༤༡ ཡིན་པ་གཉིས་ཀྱི་བུ་མོ་ཡིན་པ་དང་། རང་ལོ་ ༢༣ ཡིན་འདུག དེ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༤ ནས་རེབ་གོང་རོང་བོ་དགོན་ཆེན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་བརྩིས་པའི་འདི་ལོའི་ཕྱི་ཟླ༡༡ པའི་ནང་བར། རེབ་གོང་ནས་རང་ལུས་མེར་བསྲེགས་གཏོང་མཁན་སྐྱེས་པ་བདུན་དང་། བུད་མེད་གཉིས་བྱུང་ཡོད་པ་ཚང་མ་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་ལྟའི་ཆར་རེབ་གོང་ཕྱོགས་སུ་རྒྱ་གཞུང་གིས་འབྲེལ་མཐུད་བརྒྱུད་ལམ་ཡོངས་རྫོགས་བཅད་ཡོད་པར་མ་ཟད། འགྲོ་བསྐྱོད་ལ་ཡང་བཀག་སྡོམ་བྱས་པ་དང་། གནས་སྐབས་རིང་སློབ་གྲྭ་གུང་གསེང་བཏང་ཡོད་འདུག་ཀྱང་། དེའི་རྗེས་ནས་སློབ་མས་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་ཀྱི་དོགས་གཞི་ཡོད་རིགས་འཛིན་བཟུང་བྱ་འཆར་ཡོད་སྐོར་ཡང་མང་ཚོགས་ནང་གླེང་སློང་བྱེད་བཞིན་ཡོད་འདུག་པ་དང་། སློབ་གྲྭ་དང་དགོན་པ། ས་གནས་མང་ཚོགས་བཅས་ལ་འཇིགས་སྐུལ་དམ་དྲག་དང་སུན་གཙེར་སྣ་མང་བྱེད་ཀྱི་ཡོད་པའི་གནས་ཚུལ་འབྱོར་ཡོད།
ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས༡༥ བར་བོད་ནང་དུ་ར་འཕྲོད་གསལ་བོ་བྱུང་བ་རང་ལུས་མེར་བསྲེགས་གནང་མཁན་ ༧༤ དང་། དེའི་ནང་ནས་འདས་གྲོངས་སུ་གྱུར་བ་ ༦༠ ཆགས་ཡོད། བོད་ནང་དུ་བོད་མི་ཚོ་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་སྡོད་འདོད་མེད་པར་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།
༡། ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་། དེ་མིན་ཨ་རི་དང་ཡུ་རོབ་གཙོས་དྲང་བདེན་དང་མང་གཙོར་དགའ་བའི་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་ཁབ་དེ་དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཞུ་རྒྱུ།
༢། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད། བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔོན་དགའ་བསུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༡༦ ལ།།