༄༅། །དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་ཀརྨ་ཤང་དུ་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་ཆབ་མདོ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་ཟིན་ཡོད་ཚུལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག་པ་དང་། གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གྲོངས་ཏེ་དེ་རིང་ཉིན་བཞི་འགྲོ་བཞིན་ཡོད་ཚུལ་དང་། དགོན་སྡེ་ཁག་ལ་བསྔོ་རྟེན་འབུལ་བཞིན་ཡོད་འདུག གནས་ཚུལ་ཡོང་ཁུངས་གཞན་ཞིག་ཏུ་ཁ་སང་ཕྱི་ཚེས་ ༨ ཉིན་བོད་མི་ཁག་ཅིག་སྨན་ཁང་ལ་སོང་ནས་ཁོང་གྲོངས་ཡོད་པའི་གནས་ཚུལ་འདུག་པ་ལྟར་ཕུང་པོ་རྩིས་སྤྲོད་དགོས་གནས་བཤད་སྐབས་ཁོ་ཚོས་ཕུང་པོ་ནང་མི་ལ་སྤྲད་ཚར་ཟིན་སྐོར་བཤད་ཡོད་འདུག་ཀྱང་དོན་དངོས་ཕུང་པོ་ད་དུང་རྩིས་སྤྲོད་བྱས་ཡོད་མི་འདུག ཁོང་གིས་སྐུ་ལུས་མེར་སྲེག་གཏོང་སྐབས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཡོད་པ་ཉེ་འཁོར་གྱི་བོད་མི་ཙམ་མ་ཟད་ལྷ་ས་ནས་ཁ་པར་གཏོང་མཁན་ཞིག་གིས་ཁ་པར་ནང་ནས་ཀྱང་གོ་ཐུབ་ཡོད་འདུག
ད་དུང་གནས་ཚུལ་ཡོང་ཁུངས་ཁག་ཅིག་ལྟར་ན་ཁོང་གི་བཟའ་ཟླ་ཡང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་། ནང་མི་གཞན་རྣམས་ལ་ཡང་དམ་བསྒྲགས་དམིགས་བསལ་བྱེད་བཞིན་ཡོད་གནས་འདུག ། |