ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་བོད་དོན་ཞུ་གཏུག།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོར་ཡུལ་དེའི་གསར་འགོད་པ་འགའ་དང་ཐུག་འཕྲད་ཀྱིས་ཞུ་གཏུག་ལ་ཡོང་དོན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གིས་བོད་དོན་རྒྱབ་སྐྱོར་དགོས་པའི་རེ་འདུན་ཞུས། ཆུ་ཚོད་ ༡༡ ཐོག་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་པི་ཊར་བྷི་སི་ཀི་ Petr Bratsky དང་པི་ཊར་སི་ལར་ Petre Silar རྣམ་གཉིས་དང་། DSCN0273(1)ཁོང་གཉིས་ཀྱི་ཉེ་འབྲེལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་ཀ་བྱེད་མཁན་དང་བོད་ཀྱི་སློབ་གྲྭ་ཁག་ལ་རོགས་རམ་བྱེད་མཁན་བཅས་དང་ལྷན་འཛོམས་ཀྱིས། བོད་ཀྱི་གནད་དོན་སྤྱི་དང་བོད་ནང་གི་རང་ལུས་མེར་སྲེག་གི་གནས་སྟངས་བཅས་ཞིབ་ཕྲ་ཞུས། ཁོང་རྣམས་ཀྱིས་ཀྱང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་སི་ལབ་ཧཱ་ཝིལ་ Vaclav Havel དམ་པ་དང་༧གོང་ས་མཆོག་གཉིས་དབར་མཐུན་མོང་མ་ཡིན་པའི་འབྲེལ་བཟང་ཡོད་པ་དེས། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་བློ་སེམས་གཅིག་མཐུན་གྱི་འབྲེལ་བ་ཆགས་ཡོད། ཡིན་ནའང་ད་ལྟའི་གཞུང་འཛིན་ཚོགས་པས་ཚོང་དོན་གྱི་ཆེད་དུ་རྒྱ་ནག་དང་ལྷན་དུ་འབྲེལ་བ་བཟང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པ་དེར་ཁོང་རྣམས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། DSCN0282ལོ་འདིའི་སུམ་བཅུ་དུས་དྲན་གྱི་སྐབས་སུ་བོད་ཀྱི་རྒྱལ་དར་གང་སར་བསྒྲེངས་འཛུགས་དང་། བདུན་གཅིག་གི་ནང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ས་ཡིག་སྟོང་ཕྲག་ ༥ བསྡུ་རུབ་ཀྱིས་གཞུང་དང་འབྲེལ་ཡོད་ལ་བཏང་འདུག ལྷག་དོན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚོའི་འགན་འཁུར་འོག་ནས། སྲིད་འཛིན་ཟུར་པ་དམ་པ་ཁོང་དང་༧གོང་ས་མཆོག་གཉིས་ལྷན་དུ་བསྒྲོན་པའི་སྐུ་པར་ཐོག་བརྩེགས་གཉིས་ཅན་ཞིག་གྲོང་ཁྱེར་གྱི་དབུས་སུ་བཤམས་འདུག་པ་དེ་ནི། མཐོང་བ་ཙམ་གྱིས་སེམས་སུ་དགའ་སྐྱོ་ཟུང་གི་ཚོར་བ་གནོན་མི་ཐུབ་པར་སྐྱེ། མ་འོངས་པའང་བོད་དོན་གྱི་ཆེད་དུ་ཚོགས་འདུ་དང་བགྲོ་གླེང་། པར་རིས་འགྲེམས་སྟོན་སོགས་གང་ཐུབ་བྱེད་འཆར་ཡོད་པས། བོད་མི་ཚོའི་ངོས་ནས་པར་རིས་དང་མི་སྣ་མཁོ་སྤྲོད་ཀྱིས་མཐུན་རྐྱེན་སྦྱར་དགོས་པའི་སྐོར་གསུངས་བྱུང་བ་སོགས། ཞུ་གཏུགས་དོན་ཕན་ལྡན་པ་ཆགས་སོང་སྙམ་ལགས།

ཉིན་རྒྱབ་ཆུ་ཚོད་ ༣ ཡོལ་ཙམ་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་ལྕམ་ Veronika Bajgarova ཝི་རོ་ནི་ཀཱ་མཆོག་དང་མཇལ་འཕྲད་ཀྱིས། གོང་བཞིན་བོད་ཀྱི་གནས་སྟངས་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་བྱས། མོས་ཀྱང་། སུད་སི་རྒྱལ་ཁབ་ཏུ་རྟེན་གཞི་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་སར། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་ལུས་མེར་སྲེག་གི་སྐོར་གླེང་སློང་ཤུགས་ཆེ་བྱེད་མྱོང་ཡོད་པ་དང་། མ་འོངས་པ་ལ་ཡང་ང་ཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་ཁག་ལ་བོད་དོན་གླེང་སློང་གིས་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཁས་ལེན་གནང་། DSCN0324 (1)ཆུ་ཚོད་ ༥ ཐོག་སྲིད་འཛིན་ཟུར་པ་ཝི་སི་ལབ་ཧཱ་ཝིལ་དམ་པ་ Vaclav Havel དེའི་དཔེ་མཛོད་ཁང་དང་། རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ནས། ཡུལ་དེའི་ན་གཞོན་ཚོར་བོད་དོན་ངོ་སྤྲོད་དང་བགྲོ་གླེང་བྱས། ཆུ་ཚོད་ ༧ ཐོག་གྲོང་ཁྱེར་དབུས་སུ་ཆགས་པའི་ཚོགས་ཁང་ཆེན་པོ་ཞིག་གི་ནང་། ཉིས་སྟོང་ལོའི་གླེང་སྟེགས་ Forum 2000 ཟེར་ཚོགས་པའི་གོ་སྒྲིག་འོག་ནས་བོད་དོན་ངོ་སྤྲོད་དང་ཚོགས་པ་དེས་བོད་ཀྱི་ཆེད་དུ་ལས་དོན་མང་པོ་བསྒྲུབས་དང་སྒྲུབ་བཞིན་པར་ཐུགས་རྗེ་ལེགས་གསོལ་ཞུ། སྐབས་དེའི་ཚོགས་ཞུགས་སུ་ཡུལ་དེའི་སྲིད་བློན་གཞོན་པ་ཟུར་པ་དང་ཨ་རིའི་གཞུང་ཚབ་མི་སྣ། གྲོས་ཚོགས་འཐུས་མི། བོད་དོན་ལ་ཤ་ཞེན་ཅན་དང་རྒྱབ་སྐྱོར་བ་བཅས་ཆེས་མཐོའི་མི་སྣ་མང་པོ་ལྷན་འཛོམས་ཐུབ་པ་བཅས། ཞུ་གཏུགས་ཚོགས་ཆུང་དང་ལྷན་དུ་སུད་སི་དོན་གཅོད་མཆོག་དང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཝིལ་སིན་མཉམ་ཞུགས་གནང་ཡོད།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུགས་ཚོགས་ཆུང་གིས།

 

 

Menu