༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་རྒྱ་གར་རྒྱ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་ (Friedrich Naumann Foundation for Freedom) ཀྱི་གོ་སྒྲིག་འོག ཡུ་རོབ་འཇར་མན་དང་། ཨོ་སི་ཀྲི་རི་ཡ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཁོང་རྣམས་དང་ལྷན་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཞིང་། ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་ལན་ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན་སོགས་བདེ་དོན་ཐོག་གཟིགས་སྐྱོང་གནང་རྒྱུ་ཡིན་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་འཐུས་རྣམ་པའི་ཡོང་ཁུངས། སྤྱི་འཐུས་རྒྱུན་ལས་ངོ་སྤྲོད། དེ་བཞིན་འཇར་མན་རོགས་ཚོགས་ (FNF) དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འབྲེལ་བ་གནང་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ལ་ཐུགས་ཕན་ཆེན་པོ་གསོས་ཡོད་པར་མ་ཟད། གྲོས་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ལས་འཆར་མང་པོ་ཞིག་ལ་ད་ལྟ་ཡིན་ནའང་དཔལ་འབྱོར་གྱི་མཐུན་འགྱུར་གནང་བཞིན་ཡོད་པའི་སྐོར།
ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཐོག་ཡོད་པ་དང་། ལྷག་པར་དུ་བོད་ནང་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་གནས་ཐུབ་མིན་གྱི་མཚམས་ལ་སླེབས་ཡོད་པའི་སྐོར། ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་ཐེངས་ཁ་ཤས་བཞག་ཡོད་པ་ལྟར། སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས་དང་། རྒྱལ་ཁབ་ཀྱི་ཕྱི་སྲིད་ཐོག་བོད་ཀྱི་གནས་སྟངས་སླེབས་ཐུབ་དགོས་པ། རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་དུས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་འཇར་མན་རོགས་ཚོགས་ (FNF) ནས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་འདིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་བོད་མི་ཙམ་མིན་པ་དང་། བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་ངོ་མ་ཡིན་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་དམར་གཞུང་ལ་སྤྲད་ཡོད་པའི་སྐོར་དང་། ཕྱི་ལོ་ ༡༩༦༠ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་ད་བར་སྐབས་དུས་སོ་སོར་སྤྱི་འཐུས་ཀྱི་གྲུབ་ཆར་བསྒྱུར་བ་ཇི་བྱུང་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གི་མདུན་དུ་ “བོད་དོན་དཀའ་རྙོག་སེལ་ཐབས་སུ་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་བསྐྱངས་ཡོད་པ་དང་།
དེའི་སྐབས་རྒྱལ་སྤྱིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་མེ་ཀལ་ ཝན་ ཝལ་ཊ་ པཱ་རག་ (Michael Van Walt) ལགས་དང་། རྒྱ་རིགས་ལོ་རྒྱུས་རིག་པའི་སློབ་དཔོན་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས་རྣམ་གཉིས་ཀྱིས་ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་སྐོར་ཁུངས་སྐྱེལ་བྱས་ཡོད་པ་ལུང་འདྲེན་གྱིས་ལོ་རྒྱུས་ཐོག་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པར་མ་ཟད། ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
ཨོ་སི་ཀྲི་རི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌོ་ལོ་རེ་སི་ བྷ་ཀོ་སི་ (Ms. Dolores Bakos, Member of Parliament, Vienna State Parliament, Austria) མཆོག་གིས་ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འགྲོ་ལུགས་སྐོར་མཁྱེན་རྟོགས་སླད་ཕེབས་ཡོད་པའི་སྐོར་དང་། ད་རེས་འཇར་མན་རོགས་ཚོགས་ (FNF) ཀྱིས་ལས་རིམ་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་བཅས་ཞུས་གནང་རྗེས། བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ལན་འདེབས་གསལ་བཤད་གནང་སོང་།
དེ་ཉིན་ཕྱི་དྲོ་བོད་ཀྱི་ཟློས་གར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐུ་མགྲོན་རྣམས་ལ་གསོལ་སྟོན་དང་། རིག་གཞུང་འཁྲབ་སྟོན་ཞིག་གོ་སྒྲིག་ཞུས་པ་དང་། སྐབས་དེར་ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་ད་ལན་བཞུགས་སྒར་དུ་ཕེབས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་བ་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་མང་གཙོའི་སྐོར་སོགས་ཀྱི་ཐོག་གོ་རྟོགས་ཡག་པོ་བྱུང་བའི་སྐོར་དང་། དེ་བཞིན་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་རྣམས་སོ་སོའི་རྒྱལ་ཁབ་ནང་འགྲེལ་བརྗོད་གནང་རྒྱུ་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུངས་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་འཇར་མན་རོགས་ཚོགས་ (FNF) དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་ཡུན་རིང་འབྲེལ་བ་གནང་བ་བརྒྱུད་བོད་དོན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་དང་། བོད་ཀྱི་རིག་གཞུང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་སོང་།
ཐེངས་འདིའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནང་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོར་སི་ཊེན་ ཧར་བྷ་སེཊི་ (Mr. Torsten Herbst, Parliamentary Leader of the FDP Bundestag Group, Germany) མཆོག་དང་། ཨོ་སི་ཀྲི་རི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡཱ་ནིག་ ཤེ་ཊི་ (Mr. Yannick Shetty, Member of Parliament, Austria) མཆོག འཇར་མན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཁི་རི་སི་ཊིན་ ཨ་ས་ཆིན་ བྷག་ ཌུག་ན་སེ་ (Ms. Christine Aschenberg-Dugnus, Member of Parliament, Germany) མཆོག འཇར་མན་གྲོས་ཚོགས་འཐུས་མི་ལྕམ་སྐུ་སན་དྷ་ར་ ཝི་སེར་ (Ms. Sandra Weeser, Member of Parliament, Germany) མཆོག འཇར་མན་ཐུ་རིན་གྷ་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཌི་རིག་ བྷར་གྷ་ནར་ (Mr. Dirk Bergner, Deputy Speaker of the State Parliament of Thuringia, Germany) མཆོག འཇར་མན་ཇི་ནཱ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྕམ་སྐུ་རི་ཇི་ན་ བྷར་གྷ་ནར་ (Ms. Regina Bergner, Head of Department, Jena Municipal Corporation, Germany) མཆོག ཨོ་སི་ཀྲི་རི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌོ་ལོ་རེ་སི་ བྷ་ཀོ་སི་ (Ms. Dolores Bakos, Member of Parliament, Vienna State Parliament, Austria) མཆོག་བཅས་ཕེབས་གནང་འདུག
འཇར་མན་རོགས་ཚོགས་ (FNF) ཡི་ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) མཆོག་གིས་གཙོས་ལས་བྱེད་ཁག་ཅིག་མཉམ་བཅར་ཞུས་འདུག་པ་བཅས།