སུད་སིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཐོག་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡ ནས་ ༢།༣༠ བར་སུད་སིའི་རྒྱལ་ས་བྷན་ལ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་ཁོ་ལ་སེ་ ཝལ་ཌར་ (Nicolas Walder) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ན་ཊ་ལཡེ་ ཨིམ་བྷ་ཌན་ (Natalie Imboden) མཆོག་རྣམ་གཉིས་དང་ལྷན་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཐོག་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་ཕན་ཚུན་བཀའ་བསྡུར་ལྷུགས་པོ་བྱུང་ཡོད་འདུག

གཞན་ཡང་ཚོགས་འདུའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་།   སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སེ་ བྷུ་ཆི་ལི་ (Thomas Buchli) ལགས་དང་ལས་བྱེད་ལྕམ་སྐུ་བྷེ་ཊི་ན་ ཨེག་ཀར་ཊི་ (Bettina Eckert) ལགས་བཅས་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །