ཡུ་རོབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕྱི་ལོ་ ༡༩༨༩ ལོར་འབུལ་བཞེས་གནང་སྟེ་མི་ལོ་༢༣ འཁོར་བའི་དུས་དྲན་མཛད་སྒོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་བཞིན་ཕྱི་ཟླ་༡༢ ཚེས་༡༠ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ GENEVA རང་གཞུང་སྐུ་ཚབ་དོན་གཅོད་དང་སུད་སི་བོད་རིགས་མི་མང་ནས་གོ་སྒྲིག་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ་རེད།

ཡུ་རོབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ།ཡུ་རོབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ།
དེ་ཡང་ཞོགས་པ་ཆུ་ཚོད་ ༡༡།༣༠ ཐོག་ཡུ་རོབ་སྤྱི་འཐུས་གཉིས་དང་། སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས། བསྟན་འཛིན་བསམ་འཕེལ་ལགས། སུད་སི་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་བཅས་ལྔ་པོ་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་དྲུང་ཆེ་ CHRISTINE CHUNG ལགས་དང་། ཁོང་གི་ཕྱག་རོགས་ AZWA PETRA གཉིས་ལ་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་གསལ་བཤད་དང་བོད་ཀྱི་དངོས་ཡོད་གནས་སྟངས་ཞིབ་འཇུག་གནང་མཁན་གྱི་འཐུས་མི་གང་མགྱོགས་གཏོང་ཐབས་གནང་དགོས་པ་སོགས་སྙན་གསེང་ཤུགས་ཆེ་ཞུས་པ་དང་མཉམ་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་བོད་དོན་རྒྱབ་སྐྱོར་ས་རྟགས་བསྡུ་རུབ་གནང་བ་རྣམས་འབུལ་ལམ་ཞུས་པ་དང་ཆབས་ཅིག་ཞུ་སྙན་གྱི་ནང་དོན་ཁག་ཕྱག་བསྟར་དོན་འཁྱོལ་ཡོང་བའི་འབོད་བསྐུལ་ཞུས།

ཡུ་རོབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ།ཡུ་རོབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཟིན་པ།

དེ་རྗེས་ཆུ་ཚོད་ ༡༢ ཙམ་ལ་སུད་སི་བོད་རིགས་མི་མང་དང་།  ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་རིགས་ཚོགས་པའི་འཐུས་མི་བཅས་ཁྱོན་བསྡོམས་མི་མང་ཆིག་སྟོང་བརྒལ་བ་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་ཡུ་རོབ་བོད་རིགས་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་སོ་སོའི་སྐུ་ཚབ་བཅས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་དབྱིན་བོད་གཉིས་ཐོག་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་རིམ་བཞིན་རྒྱལ་ཚོགས་ལས་ཁུངས་མདུན་གོམ་བགྲོད་དང་སྐད་འབོད་དབུ་བཛུགས་ཞུས།

དེ་ནས་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་བློ་བཟང་ལགས་དང་། སྤྱི་འཐུས་ཆུང་བདག་ཀོ་རན་ལགས་ནས་གསུང་བཤད་གནང་རྗེས་ཕྱི་རྒྱལ་དཔོན་རིགས་ཁག་དང་། ལྷག་པར་སི་སྤན་རྒྱལ་ཁབ་ཀྱི་ཆབ་སྲིད་པ་གྲགས་ཅན་ JOSEP MALDONADO ལགས་ཆེད་ཕེབས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཤུགས་ཆེ་གནང་།

དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༤༥ ཐོག་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྐུ་ཚབ་དོན་གཅོད། བསྟན་འཛིན་བསམ་འཕེལ་ལགས་གསུམ་རྒྱལ་ཁབ་བཞི་བཅུ་ལྷག་ནས་བསྡུས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་ཁུངས་ཨ་མར་ངོ་བཅར་གྱིས་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ LAURA DUPUY LASSERRE ལགས་མཇལ་འཕྲད་ཞུས་ཏེ། བོད་ནང་རང་ལུས་མེ་བསྲེགས་གནང་མཁན་རྒྱལ་གཅེས་པ་གྲངས་ ༩༥ སླེབས་ཟིན་པར་རྒྱལ་སྤྱིའི་ཐོག་ནས་བསམ་གཞིགས་ཀྱི་བོད་ཀྱི་རྩ་དོན་ཐོག་གཟིགས་རྟོགས་དང་བདེན་པར་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུས། ལྕམ་སྐུ་མཆོག་ནས་ཁོ་མོས་བོད་ནང་དཀའ་རྙོག་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད་པ་དང་། འབྲེལ་ཡོད་ཚང་མས་ཤུགས་གནོན་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།
དེ་ནས་སུད་སི་རི་ཀོན་དགོན་གྱི་མཁན་པོ་མཆོག་གིས་དབུས་དགེ་འདུན་རྣམས་ནས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། བདེན་ཚིག་སྨོན་ལམ་བཅས་འདོན་གནང་མཛད། སྐབས་དེར་རྒྱ་རིགས་གྲོགས་པོ་ WANG LONGMONG ལགས་ནས་ཀྱང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་།

མཐར་དགོང་དྲོ་ཆུ་ཚོད་བཞི་པ་ཙམ་ལ་སུད་སི་བོད་རིགས་ཟློས་གར་ཚོགས་པ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་རྗེས་མི་མང་རྣམས་ནས་སྐད་འབོད་ཀྱི་སྒྲ་ཚིགས་རྣམས་སྒྲ་སྒྲོགས་བཞིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཇུག་བསྡོམས་ལེགས་གྲུབ་བྱུང་བ་བཅས་ཟླ་ ༡༢ ཚེས་ ༡༥ ལ།

 

Menu