ཡུ་རོབ་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་ས་ པེག་ས་ (Hon. Mikulas Peksa, MEP & President of Tibet Interest Group) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་སཱ་ལི་མ་ ཡན་བྷའོ་ (Salima Yenbou) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཧན་ནེ་སི་ (Hannes Heide) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨོ་སི་ར་ མལ་ཌེ་ཀཡི་ནེ་ (Aušra Maldeikienė) མཆོག་བཅས་ལས་གྲུབ་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་དང་ལྷན། མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། དེ་རྗེས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བསྒྲུབ་བྱའི་སྐོར། དེ་བཞིན་བོད་ཀྱི་གནད་དོན་གསལ་རྒྱུའི་ཐོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གལ་གནད་དང་། ཨ་རིའི་གྲོས་ཚོགས་ནང་བཞག་པའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལྟ་བུ་ཡུ་རོབ་གྲོས་ཚོགས་ནང་འཇོག་ཐབས། ཡུ་རོབ་གྲོས་ཚོགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐབས། ཡུ་རོབ་གྲོས་ཚོགས་ཀྱི་སྔོན་རྩིས་ནང་བོད་མིའི་ཆེད་དམིགས་བསལ་རྩིས་འགོ་ཞིག་གནང་ཐབས་ཡོང་སྐོར་སོགས་གསུངས་གནང་བ་དང་། ཡུ་རོབ་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།

གཞན་ཡང་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་དང་། ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་ཀྱི་ལམ་ལུགས་སྐོར། བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་སྐབས་གདོང་ལེན་ཇི་ལྟར་གནང་མིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་ཀྱི་ཐོག་དྲི་བ་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྣམ་པས་ལན་འདེབས་སོགས་ཕན་ཚུན་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས། །