༄༅། །སྐབས་ ༦ པ་དང་། སྐབས་ ༡༢ པའི་སྤྱི་འཐུས་ཟུར་པ་ཧོར་གཙང་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ནས་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་དེ་ཉིད་ཀྱི་ནང་མིའི་ཉེ་འབྲེལ་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་པ་གཞིར་བཅས། འདི་ནས་ཀྱང་དམ་པ་གང་ཉིད་ཀྱིས་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་སྤྱི་དང་ལྷག་པར་སྤྱི་འཐུས་སྐབས་གཉིས་རིང་ཞབས་ཞུ་མཐར་སོན་གནང་ཡོད་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་ཡིག་ཆུང་འབུལ་ལམ་ཞུ་ཆེད། དཔལ་ལྡན་ཚོགས་གཞོན་མཆོག་དང་། ཚོགས་དྲུང་བཅས་ཆེད་བཅར་གནང་ཡོད། །