ཡིད་སྐྱོ་བའི་གནས་ཚུལ།

༄༅། །བོད་མི་མང་སྤྱི་འཐུས་ཟུར་པ་སྐུ་ངོ་ཚེ་རིང་སྒྲོལ་མ་མཆོག་ཡུན་རིང་སྙུན་གཞིས་མཐར་ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས ༢༥ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༡།༡༢ ཙམ་ལ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧ་ཅང་བློ་ཕམ་བྱུང་ཞིང་། དམ་པ་ཁོང་སྐུ་འཚོ་བཞུགས་རིང་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་དང་། དམ་པ་དེ་ཉིད་ཀྱི་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། དམ་པ་ཁོང་སླར་ཡང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་སྐྱེ་བའི་སྨོན་འདུན་ཞུ་རྒྱུ་དང་། ཁོང་གི་བུ་འཆི་མེད་རྡོ་རྗེས་གཙོས་བུ་ཕྲུག་དང་། ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་གཉིས་བདེ་ལེགས་སྨན་ཁང་གི་སྐུ་ཕུང་བཞུགས་ཡུལ་དུ་ཆེད་བཅར་གནང་ཡོད།།

Menu