འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་སྤེལ་བཞིན་པ།

འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ སྐུ་ཞབས་ཨ་རུན་ ཀུ་མར་ ཨུ་པརེ་ཏི་ (Arun Kumar Upreti, Speaker of Sikkim Legislative Assembly) མཆོག

༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་སྤེལ་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༨།༠༠ ཐོག་འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཀུན་དགའ་ཉི་མ་ ལེབ་ཅ་ (Shri. Kunga Nima Lepcha, Education Minister of Sikkim) མཆོག་མཇལ་འཕྲད་ཞུས་ཏེ། སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། ཚོགས་གཙོའི་མཚན་རྟགས་འཁོད་པའི་ཞུ་ཡིག གཞན་ཡང་བོད་དོན་ཞུ་སྐུལ་དང་འབྲེལ་བའི་ཡིག་ཆ་ཁག་ཕུལ་ནས་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ད་བར་རྒྱ་གར་མངའ་སྡེ་ཁག་ནང་ལས་དོན་ཇི་སྤེལ་སྙིང་བསྡུས་སྙན་འབུལ་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཞུས་པར་ཁོང་ནས་སྔ་ཕྱི་བར་གསུམ་དུ་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར་ད་དུང་ཡང་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཞིག་ཡིན་ཡང་རང་འཁྲིའི་ལས་འགན་རང་ལ་བརྩིས་ནས་ཐུགས་འགན་བཞེས་རྒྱུ་ཡིན་པ་དང་། ཉེ་ཆར་འཕྲོད་བསྟེན་གྱི་གནས་སྟངས་ལ་ཕྲན་བུའི་སྐུ་ངལ་འཕྲད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོད་མཇལ་གྱི་སྐལ་བཟང་ཐོབ་པའི་སྐོར། མ་འོངས་པར་མགོན་པོ་གང་ཉིད་འབྲས་ལྗོངས་སུ་༸ཞབས་སོར་བཀའ་དྲིན་བསྐྱང་རྒྱུར་རེ་སྒུག་ཞུས་ཡོད་པའི་སྐོར་སོགས་ནང་མོལ་ཞིབ་ལྷུག་བྱུང་ཡོད།

འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཀུན་དགའ་ཉི་མ་ ལེབ་ཅ་ (Shri. Kunga Nima Lepcha, Education Minister of Sikkim) མཆོག

གཞན་ཡང་ཕྱི་ཚེས་ ༢༨ ཉིན་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་སྤྱི་འཐུས་རྣམས་མཇལ་སྐོར་དང་། སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་གནང་རྒྱུའི་ལས་འཆར་ཡོད་པ་ལྟར་མཐུན་འགྱུར་གང་ལེགས་དགོས་པའི་སྐོར་འབྲེལ་ཡོད་བློན་ཆེན་ལས་ཁུངས་བརྒྱུད་ཆེད་དུ་མངགས་བྱ་གནང་སོང་། ཤེས་རིག་བློན་ཆེན་མཇལ་འཕྲད་སྐབས་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ལྷན་བཅར་གནང་ཡོད་པ་རེད།

འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་གཞོན་པ་སྐུ་ཞབས་ སང་ཇའེ་ ལེབ་ཅ་ (Sangay Lepcha, Deputy Speaker of Sikkim Legislative Assembly) མཆོག

སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༡།༣༠ བར་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་རྒྱ་གར་འབྲས་ལྗོངས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sahyog Manch, BTSM) ཡི་ཚོགས་མི་རྣམས་ཀྱི་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། སྤྱི་འཐུས་རྣམས་ནས་དེང་སྐབས་རྒྱ་གར་མངའ་སྡེ་ཁག་ནང་སྤེལ་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྤྱི་དང་། བྱེ་བྲག་ཏུ་ཞུ་སྐུལ་ཡི་གེའི་ནང་འཁོད་དོན་ཚན་ཁག་སོ་སོའི་ནང་དོན་དང་དགོས་འདུན་རྣམས་ངོ་སྤྲོད། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བལ་པོའི་སྐད་ཡིག་ནང་འཁོད་པའི་ཡིག་ཆ་འགྲེམ་སྤེལ། ད་བར་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ནས་མངའ་སྡེ་ཁག་གསུམ་ནང་ལས་དོན་ཇི་སྤེལ་སྐོར་སྙིང་བསྡུས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་དོན་ཁག་ནང་མཉམ་ཞུགས་དང་། འབྲས་ལྗོངས་སུ་གནས་སྡོད་བོད་མི་རྣམས་དང་འབྲེལ་བའི་མཐུན་སྦྱོར་རོགས་རམ། དེང་རབས་དྲ་ལམ་སོགས་བརྒྱུད་བོད་དོན་གྱི་སྐོར་ཁྱབ་བསྒྲགས། དུས་དེབ་དང་ཚགས་པར་སོགས་ནང་བོད་དོན་དང་འབྲེལ་བའི་རྩོམ་ཡིག་འགོད་སྤེལ། གཞན་ཡང་བོད་དོན་གྱི་ལས་འགུལ་སོགས་ཀྱི་སྐབས་མི་རྒྱུ་གང་ཐད་ནས་རྒྱབ་སྐྱོར་རོགས་རམ་ཡོང་ཐབས་དགོས་པ་སོགས་གསུངས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་དབུས་སའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དྲ་འཕྲིན་ཚོགས་པའི་ནང་ལྷག་དཀར་ཉིན་མོར་བོད་དོན་སྐོར་དང་༸གོང་ས་མཆོག་གི་མཛད་འཕྲིན་སོགས་དང་འབྲེལ་བའི་བགྲོ་གླེང་གནང་གི་ཡོད་གནས་དང་། རྟ་དབང་གི་གོམ་བགྲོད་སོགས་རྒྱ་གར་རྒྱལ་ཡོངས་དང་བྱེ་བྲག་ཏུ་འབྲས་ལྗོངས་ས་གནས་ཀྱི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་ཡོད་ཚུལ། འཕགས་བོད་མཐའ་མཚམས་ཀྱི་གནད་དོན་དང་བོད་ཀྱི་གཙང་ཆུ་རྣམས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་ལ་གལ་གནད་ཇི་ཆགས་སྐོར་ལ་དོ་ཁུར། ལྷག་པར་དུ་ཉེ་ཆར་འབྲས་ལྗོངས་ཁུལ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་གཞིར་བཟུང་འགན་ཁུར་བླངས་ཏེ་༸གོང་ས་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་ བྷ་རཏ་ རཌྞ་(Bharat Ratna) འབུལ་རྒྱུའི་ཆེད་ས་རྟགས་བསྡུ་རུབ་ཞུས་པའི་སྙན་ཞུའི་ཡིག་ཆ་རྒྱ་གར་ནང་སྲིད་བློན་ཆེན་མཆོག་གི་མཚན་ཐོག་ལ་ཕུལ་ཟིན་པའི་སྐོར་དང་། བོད་མི་རྒན་གཞོན་བར་གསུམ་ཀུན་ནས་བོད་དོན་ལ་འགན་ཁུར་ལེན་ཕྱོགས་སྐོར་གྱི་དགོངས་འཆར་སོགས་དང་འབྲེལ་ནས་ཕན་ཚུན་དགོངས་ཚུལ་བརྗེ་རེས་དང་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་སོགས་ཀྱི་བཀའ་མོལ་ཞིབ་ལྷོད་བྱུང་ཡོད།

འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་འཕར་མ་དང་ནང་སྲིད་དྲུང་ཆེ་སྐུ་ཞབས་ ཨེ་ སུ་དྷཱ་ཀར་ རའོ་ (A. Sudhakar Rao, IPS Additional Chief Secretary, Home Department Government of Sikkim) མཆོག

ཚོགས་འདུ་དེར་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་སྐུ་ཞབས་ ཨེལ་ པི་ ཤར་མ་ (Dr. L. P. Sharma, BTMS President) ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཟུར་པ་འབུམ་རམས་པ་ ཨར་ པི་ པོའུ་ཌེལ་ (Dr. R. P. Poudel, BTMS Executive member) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ཀྱི་འགན་འཛིན་ལྕམ་སྐུ་ རཱ་དྷ་ པན་ཌེའེ་ (Mrs. Radha Pandey, BTMS Women’s Wings President) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ ཨེམ་ ཨེན་ ཌུན་གྷེལ་ (Mr. M. N. Dhungel, BTMS General Secretary) ལགས། འབྲས་ལྗོངས་དང་། ནུབ་བྷེང་གྷལ། ཨོ་ཌི་ཤ་བཅས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ རམ་མེཤ་ བྷ་ཊཱ་རཡེ་ (Mr. Ramesh Battarai, Coordinator for West Bengal, Odisha and Sikkim) ལགས། བུད་མེད་ཀྱི་སྣེ་ཁྲིད་པ་ལྕམ་སྐུ་ བྷི་ནི་ཏཱ་ ཤར་མ་ (Binita Sharma, Women Wings working at Beltech Al) ལགས་བཅས་དང་། སྒང་ཏོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། རང་བདེན་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས། དབུས་གཙང་ཚོགས་གཙོ་བསྟན་འཛིན་ལགས། མདོ་སྟོད་ཚོགས་མི་དཔལ་ལྡན་ཚེ་རིང་ལགས། མདོ་སྨད་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་པདྨ་དབང་གྲགས་ལགས། ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཚེ་འཕེལ་ལགས། ས་གནས་བུད་མེད་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་བཅས་ཆེད་བཅར་གནང་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་ ༥།༠༠ ནས་རོ་ཡལ་པོ་ཏ་ལ་ཞེས་པའི་གསོལ་མགྲོན་ཁང་གི་བདག་པོ་ཐུབ་བསྟན་དྲི་མེད་ལགས་ཀྱི་ཚོགས་ཁང་དང་གསོལ་ཚིགས་སོགས་མཐུན་འགྱུར་འོག་འབྲས་ལྗོངས་མངའ་སྡེའི་ (BJP) སྲིད་དོན་ཚོགས་པའི་ཚོགས་གཙོ་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཌི་ ཨར་ ཐཱ་པ་ (D. R. Thapa, MLA and State BJP President) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། (SKM) སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ ན་ཀུལ་ དྷས་ རའི་ (Nakul Das Rai, Former MP Lok Sabha and Vice President, Ruling SKM Party) མཆོག རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ པི་ ཊི་ རྒྱམ་མཚོ་ (P T Gyamtso, Former MP, Rajya Sabha) མཆོག་བཅས་དང་མཇལ་འཕྲད་ཞུས་པ་དང་། ཌི་ ཨར་ ཐཱ་པ་ མཆོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་དང་། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག བོད་དོན་ཞུ་སྐུལ་གྱི་ཡིག་ཆ་བལ་ཨིན་གཉིས་ནང་འཁོད་པ་བཅས་ཕུལ་ཏེ་ཁོང་དང་ཁོང་གི་ཚོགས་ཁོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་བརྒྱུད་སྐུལ་ཡོང་བའི་སྙན་གསན་ཞུས་ཤིང་། ཁོང་ནས་རྒྱ་གར་དབུས་གཞུང་དང་ཁོང་གི་སྲིད་དོན་ཚོགས་པའི་ཚོགས་མི་རྒན་གྲས་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བཞིན་ཡོད་པ་ལྟར་མཇུག་སྐྱོང་གང་ཐུབ་ཞུ་རྒྱུ་དང་། འབྲས་ལྗོངས་ས་གནས་སུ་ནང་ཆོས་སོགས་གནའ་རབས་ཀྱི་རིག་གཞུང་རྣམས་བོད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་རྣམས་གཅེས་འཛིན་བྱ་རྒྱུ་གལ་ཆེ་ཡིན་སྐོར་སོགས་གསུངས། དབུས་གྲོས་ཚོགས་འཐུས་མི་ཟུར་པ་གཉིས་ལ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་། ཁོང་རྣམ་པ་གཉིས་རྒྱ་གར་དབུས་གྲོས་ཚོགས་ནང་ཐུགས་འགན་བཞེས་པའི་སྐབས་སུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་སུ་མཉམ་ཞུགས་གནང་སྟེ་ཕྱག་ལས་གནང་ཡོད་པའི་སྐོར་དང། ལྡི་ལིར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ (TPPRC) གསར་འཛུགས་གནང་སྐབས་སྐུ་ཞབས་ པི་ ཊི་ རྒྱམ་མཚོ་ལགས་ཀྱི་ལས་ཁུངས་ནས་མཐུན་འགྱུར་སྣ་ཚོགས་གནང་བ་དང་། འབྲས་ལྗོངས་ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་གཙོ་དང་པོ་ པི་ ཊི་ རྒྱམ་མཚོ་མཆོག་ཡིན་པའི་སྐོར། ཁོང་གཉིས་ཀྱི་བོད་དོན་ལ་འགན་ཁུར་གནང་ཕྱོགས་ནི་བོད་མི་ཚོ་དང་གཅིག་གྱུར་ཡིན་པ་ལས་ཟུར་དུ་དབྱེ་རྒྱུ་མེད་པའི་སྐོར། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྒྱུན་གནས་ཐུབ་དགོས་རྒྱུ་གལ་ཆེ་ཡིན་པ། རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་འབྲེལ་མཐུད་ཞུ་ཕྱིར་རྒྱལ་ས་ལྡི་ལིར་ལས་ཁུངས་ཤིག་ཡོད་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་སོགས་ལམ་སྟོན་གནང་ཡོད་པ་དང་། བོད་རྒྱ་ཞི་མོལ་གྱི་གནས་སྟངས་ཇི་ཆགས་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་ཇི་ཡོད་སྐོར་སོགས་གནད་དོན་མང་པོའི་ཐད་བཀའ་འདྲི་གནང་བ་རྣམས་ལ་གསལ་བཤད་ཞུས་ཡོད་པ་སོགས་བཀའ་མོལ་ཞིབ་རྒྱས་བྱུང་ཡོད། སྐབས་དེར་ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན། མདོ་སྨད་ཚོགས་གཙོ་བཅས་མཉམ་བཅར་ཞུས་ཡོད།

འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་འཕར་མ་དང་ནང་སྲིད་དྲུང་ཆེ་སྐུ་ཞབས་ ཨེ་ སུ་དྷཱ་ཀར་ རའོ་ (A. Sudhakar Rao, IPS Additional Chief Secretary, Home Department Government of Sikkim) མཆོག

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་འཕར་མ་དང་ནང་སྲིད་དྲུང་ཆེ་སྐུ་ཞབས་ ཨེ་ སུ་དྷཱ་ཀར་ རའོ་ (A. Sudhakar Rao, IPS Additional Chief Secretary, Home Department Government of Sikkim) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་ལྷན་གྱི་ཞུ་ཡིག་དང་། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་སོགས་ཕུལ་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་དང་། རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་འབྲེལ་བའི་ཐོག་འབྲས་ལྗོངས་སུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་མགོན་ཡོང་བའི་སྙན་གསན་ཞུས་པར་ཞལ་བཞེས་གང་ལེགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་མངའ་སྡེའི་གཞུང་ནས་དེ་འབྲེལ་ཡིག་ཆ་ཁག་ཅིག་གཏན་འབེབས་གནང་འདུག་པའི་ངོ་བཤུས་བསྩལ་གནང་གིས་རྒྱུན་དུ་སྐུལ་འདེད་དགོས་པའི་ལམ་སྟོན་སོགས་གནང་ཡོད་འདུག

འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ སྐུ་ཞབས་ཨ་རུན་ ཀུ་མར་ ཨུ་པརེ་ཏི་ (Arun Kumar Upreti, Speaker of Sikkim Legislative Assembly) མཆོག

སྔ་དྲོ་ ༡༡།༣༠ ཐོག་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་གཞོན་པ་སྐུ་ཞབས་ སང་ཇའེ་ ལེབ་ཅ་ (Sangay Lepcha, Deputy Speaker of Sikkim Legislative Assembly) མཆོག་དང་མཇལ་འཕྲད་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་གཞན་བཅས་ཕུལ་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་དབུས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར། བོད་ཀྱི་གནད་དོན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་སྙན་གསན་ཞུས་ཏེ་སྤྱི་ལྷན་གྱི་སྙན་ཞུའི་ནང་གསལ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་དང་། མ་འོངས་པར་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་རེ་ཡོང་བའི་སྙན་གསན་སོགས་ཞུས་པར་ཁོང་ནས་རྒྱབ་སྐྱོར་གནང་རྒྱུར་ཞལ་བཞེས་དང་། མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་ཚོགས་གཙོ་ལ་སྙན་གསན་ཞུས་ན་ལེགས་གནས་སོགས་གསུངས་འདུག

འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཀུན་དགའ་ཉི་མ་ ལེབ་ཅ་ (Shri. Kunga Nima Lepcha, Education Minister of Sikkim) མཆོག

ཉིན་གུང་ ༡།༣༠ ཐོག་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ སྐུ་ཞབས་ཨ་རུན་ ཀུ་མར་ ཨུ་པརེ་ཏི་ (Arun Kumar Upreti, Speaker of Sikkim Legislative Assembly) མཆོག་དང་མཇལ་འཕྲད་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་ཏེ། བོད་ཀྱི་གནད་དོན་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར། སྤྱི་ལྷན་གྱི་སྙན་ཞུའི་ནང་གསལ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་སྐོར། ཕྱི་ལོ་ ༢༠༡༨ ལོར་འབྲས་ལྗོངས་མངའ་སྡེའི་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་ཐབས་སྐོར་གྱི་ཡིག་ཆ་ཕྱག་བསྟར་ཡོང་ཐབས་སྐོར། རྒྱ་གར་དབུས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར། མ་འོངས་པར་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐབས་ཡོང་བ་སོགས་ཞུས་པས་ཁོང་གིས་བོད་པ་དང་འབྲས་ལྗོངས་པ་ནི་གཅེན་གཅུང་ལྟ་བུ་ཡིན་པ་དང་། ཆོས་དང་རིག་གཞུང་གང་ཐད་ནས་དབྱེ་འབྱེད་བྱེད་ཐབས་མེད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པས་བོད་དོན་གང་ཡིན་རང་ཉིད་ཀྱི་ལས་འགན་རང་ལ་བསམ་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། ༢༠༡༨ ལོར་འབྲས་ལྗོངས་གཞུང་ནས་གཏན་འབེབས་གནང་བའི་ཡིག་ཆ་ཁག་གི་འབྲུ་དོན་ལ་ཐུགས་སྣང་གིས་འབྲེལ་ཡོད་ཁག་ལ་གསལ་བཤད་ནན་པོ་བྱས་ཏེ་ལག་བསྟར་ཡོང་ཐབས་དགོས་པའི་སྐོར་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༢།༢༠ ཐོག་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ཆེད་བཅར་གྱིས་ཉམས་ཞིབ་ཁང་གི་འགྲེམ་སྟོན་དང་། དཔེ་མཛོད་ཁང་དུ་མཇལ་སྐོར་དང་། ཉམས་ཞིབ་ཁང་གི་ངེས་སྟོན་པ་མཆོག་ནས་སྣེ་ལེན་གནང་། ཁོང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ། ཆུ་ཚོད་ ༣།༠༠ པ་ནས་ ༤།༤༥ བར་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། “འཕགས་བོད་དབར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ། དེ་བཞིན་གསོ་བ་རིག་པ་དང་། ཧི་མ་ལ་ཡའི་ཁོར་ཡུག་གི་གལ་གནད།” ཅེས་པའི་བརྗོད་གཞི་དང་འབྲེལ་བའི་སྐོར་གྱི་ཚོགས་འདུ་ཚོགས་སྐབས། ངེས་སྟོན་པ་འབུམ་རམས་པ་ པ་སངས་ ཌི་ ཕེམ་པུ་ (Dr. Passang D Phempu, Director of Namgyal Institute of Tibetology) མཆོག་ནས་ཉམས་ཞིབ་ཁང་གི་ངོ་སྤྲོད་སྙིང་བསྡུས་དང་། ཁོང་ལ་མཛད་བྲེལ་ཆེན་པོ་ཡོད་ནའང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་དང་ཤེས་རིག་བློན་ཆེན་གཉིས་ནས་བཀའ་ཕེབས་པ་གཞིར་བཟུང་མཛད་སྒོ་འདིར་མཉམ་ཞུགས་གནང་ཡོད་སྐོར་སོགས་ཕེབས་བསུའི་གསུང་བཤད་གནང་བ་དང་།

བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ཤེས་རིག་ཉམས་ཞིབ་ཁང་གི་མིང་བྱང་ལས་འཕྲོས་ཏེ་ཉམས་ཞིབ་ཁང་འདི་ནི་བོད་ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད་པ་དང་། ཉམས་ཞིབ་ཁང་འདིའི་རྨང་གཞི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གིས་བཏིང་གནང་བ་ཡིན་པ། འབྲས་ལྗོངས་ཆོས་རྒྱལ་ཆེན་པོའི་མི་རྒྱུད་ཀྱང་བོད་རང་ནས་མཆེད་པ་ཡིན་པ། དེ་བཞིན་གསོ་བ་རིག་པའི་རྒྱུད་རིམ་གྱི་ཐོག་ནས་འབུམ་བཞི་དང་རྒྱུད་གཞི་གང་ལ་གཞི་རྩ་བཟུང་ཡང་བོད་ཀྱི་གསོ་བ་རིག་པ་ཞེས་པ་གལ་ཆེ་ཡིན་པའི་སྐོར། གསོ་བ་རིག་པ་ཞེས་པའི་ཐ་སྙད་ཀྱི་མིང་ཚིག་འདི་ཡང་བོད་སྐད་རང་ཡིན་པས་དེ་ལུགས་ཐུགས་ལ་འཇོག་དགོས་རྒྱུ། དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་སུ་གསོ་བ་རིག་པའི་སྐོར་ལ་དེབ་སྐྱེལ་འདྲ་མིན་བྱེད་ཀྱི་ཡོད་ཀྱང་དོན་ངོ་མ་བོད་ཀྱི་གསོ་བ་རིག་པ་ཞེས་འགོད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་སྐོར། གསོ་བ་རིག་པའི་རྒྱུན་འཛིན་གྱི་སྨན་པ་རྣམས་ནས་འགྲོ་བ་ཉམ་ཐག་སོགས་ལ་ཕན་ཐོགས་ངེས་ཅན་བསྐྲུན་དགོས་པའི་སྐོར། བོད་དོན་ལ་རྒྱབ་སྐྱོར་ཞེས་པ་དེ་རྔམ་སྟོན་ཁྲོམ་སྐོར་དང་། ཟས་བཅད་ངོ་རྒོལ་སོགས་གཅིག་པུ་མ་ཡིན་པར་བོད་ཀྱི་སྐད་ཡིག་དང་རིག་གནས་ཆེ་ཆུང་གང་ལའང་རྒྱུན་འཛིན་དང་འགན་ཁུར་གནང་ཚེ་བོད་དོན་རྒྱབ་སྐྱོར་མཚོན་གྱི་ཡོད་པ་སོགས་ཀྱི་གསུང་བཤད་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་རྒྱ་གར་མངའ་སྡེ་ཁག་གསུམ་ནང་སྤེལ་ཟིན་པའི་ལས་དོན་སྐོར་སྙིང་བསྡུས་དང་། འཕགས་བོད་ཆོས་རིག་འབྲེལ་བའི་སྐོར། བོད་རང་བཙན་སྐབས་ཀྱི་ཆིངས་ཡིག་དང་ལམ་ཡིག་སོགས་ངོ་སྤྲོད།

བོད་དང་ཧི་མ་ལ་ཡའི་ཁོར་ཡུག་དང་འབྲེལ་ནས་བོད་ཀྱི་གཙང་ཆུ་རྣམས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གལ་གནད་ཇི་ཆགས་སོགས་ཀྱི་སྐོར་ལ་གསུང་བཤད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་སྤྱི་ལྷན་གྱི་བོད་དོན་ཞུ་སྐུལ་ལས་དོན་ངོ་སྤྲོད་དང་། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་གསོ་བ་རིག་པའི་སྡེ་ཚན་འདི་ཉིད་ལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་། ཤེས་རིག་བློན་ཆེན་མཆོག་སོགས་ཀྱིས་ཐུགས་ཁུར་ཆེན་པོ་གནང་བཞིན་འདུག་པ་ལྟར་རྣམ་པ་ཚོའི་ངོས་ནས་ཀྱང་བོད་ཀྱི་གསོ་བ་རིག་པའི་སྐོར་གལ་གནད་ཆེན་པོར་བཟུང་སྟེ་ཕྱག་བསྟར་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། ཚོགས་ཞུགས་པའི་ཁྲོད་ནས་དྲི་བ་གནང་བ་རྣམས་ལ་ལན་འདེབས་དང་། ཉམས་ཞིབ་ཁང་གི་གསོ་བ་རིག་པའི་སྡེ་ཚན་གྱི་འགན་འཛིན་སྨན་པ་བསྟན་འཛིན་ཆོས་སྒྲོན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་ནས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་འགྲེམ་སྤེལ་དང་མཉམ་པར་བླངས། ཚོགས་འདུ་དེར་དགེ་སློབ་གྲངས་ ༤༥ ཙམ་མཉམ་ཞུགས་གནང་ཡོད་པ་དང་ཚོགས་འདུ་གྲུབ་མཚམས་གསོ་བ་རིག་པའི་སྡེ་ཚན་གྱི་སྨན་ཁང་དང་། སྨན་སྦྱོར་ཁང་། དཔེ་མཛོད་སོགས་ལ་གཟིགས་སྐོར་ཕེབས། ཉིན་གཉིས་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཚང་མའི་ནང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་མཉམ་བཅར་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།