འབྲས་ལྗོངས་མང་གྷན་ས་གནས་སུ་ས་ཡོམ་བརྒྱབ་པར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར།

སྔོན་གླེང་།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༨ ཉིན་གྱི་དགོང་དྲོར། འབྲས་ལྗོངས་སྒང་ཏོག་གི་ནུབ་བྱང་ཏུ་ཡོད་པའི་མང་གྷན་ས་གནས་སུ་ཚད་རིམ་ ༦༌༨ ཙམ་གྱི་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་ནས། འབྲས་ལྗོངས་དང་ཉེ་སྐོར་མངའ་སྡེ་ཁག་ཏུ་མི་གྲངས་བཅུ་ཕྲག་ལྷག་ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང་། དེ་བཞིན་བོད་ནང་གྲོ་མོ་རྫོང་དུ་མི་ ༧ དང་། བལ་ཡུལ་དུ་མི་གྲངས་ ༥ བཅས་འཆི་འདས་གྱུར་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད་པ་མ་ཟད། མི་གྲངས་བརྒྱ་ཕྲག་ལྷག་ཅིག་ལ་རྨས་སྐྱོན་ཐེབས་པ་དང་། ཁང་ཁྱིམ་དང་གཞུང་ལམ་སོགས་གཏོར་བཤིག་གིས་ཆུ་གློག་དང་འགྲིམ་འགྲུལ། འབྲེལ་གཏུགས་བརྒྱུད་ལམ་བཅས་པར་གནོད་སྐྱོན་ཐེབས་ཡོད་ཅིང་། ད་དུང་འཆི་རྨས་དང་སྐྱོན་ཆག་གི་ཞིབ་ཆའི་གནས་ཚུལ་ཤེས་རྟོགས་ཡོང་བསྡད་ཡིན་འདུག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བློ་འཚབ་དང་བཅས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་མཐོང་།

གྲོས་ཆོད།

འབྱུང་བའི་གནོད་སྐྱོན་དབང་གིས་འབྲས་ལྗོངས་དང་ཉེ་སྐོར་མངའ་སྡེ་ཁག་དང་། བལ་ཡུལ། བོད་ཀྱི་གྲོ་མོ་རྫོང་བཅས་སུ་འཆི་རྐྱེན་བྱུང་བ་རྣམས་ཀྱིས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྐྱབས་སྨོན་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བའི་རེ་སྨོན་བཅས་ཀྱི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༩ ལ།