འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་མཇུག་བསྡོམས་མཛད་སྒོའི་ཐོག་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

 


༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཤན་ཏི་ གྱན་ ནི་ཀེ་ཏན་ (Shanti Gyan Niketan School) སློབ་གྲྭར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཏེ། ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་མཇུག་བསྒྲིལ་བ་དང་། སྐབས་དེར་རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༢༢ ནས་ཚོགས་བཅར་བ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ ༡༥༠ ལྷག་མཉམ་ཞུགས་གནང་ཡོད་འདུག


སྐབས་དེའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་ཐོག་མར་ཚོགས་ཆེན་ཐོག་ཕེབས་པའི་གནད་ཡོད་སྐུ་མགྲོན་རྣམ་པར་འཚམས་འདྲིའི་མཇལ་དར་དང་། དེ་རྗེས་ཤན་ཏི་ གྱན་ ནི་ཀེ་ཏན་སློབ་གྲྭའི་ཐོག་ནས་སྤྱི་འཐུས་མཆོག་ལ་རྒྱ་གར་ཧིན་དུའི་འཚམས་ཞུའི་མཇལ་དར་དང་། དྲན་རྟེན་ཕྱག་རྟགས་ཕུལ་འདུག


མཇུག་བསྡོམས་མཛད་སྒོའི་ཐོག་འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Adarniya Dr. Indresh Kumar Ji, Margdarshak of BTSM) མཆོག་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Adarniya Shri Rinchen Khandu Khrimey Ji, Former MP & National Convener, Core Group for Tibetan Cause–India) མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་དྲུག་ཆེ་པན་ཀཇ་ གྷོ་ཡལ་ (Mananiya Shri Pankaj Goyal Ji, National General Secretary, BTSM) མཆོག ཧིན་དུའི་ཆོས་ལུགས་ཀྱི་དབུ་ཁྲིད་སྭཱ་མི་དེ་བྷན་ཀར་ (Swami Debankar Ji) མཆོག སྭཱ་མི་དྷིབ་ཡཱ་ནན་ཌི་ (Swami Divyanand Ji) མཆོག རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སན་ཌིབ་ སེ་རཱ་ཝཏ་ (Shri Sandeep Sehrawat Ji, MLA) མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ལས་བྱེད་རུ་པེ་ཤི་ ཀུ་མར་ (Shri Rupesh Kumar Ji, Akhil Bharatiya Karyakarmi Sadasya, RSS) མཆོག ཤན་ཊི་ གྱན་ ནེཀ་ཊན་ (Shanti Gyan Niketan School) སློབ་གྲྭ་གསར་འཛུགས་གནང་མཁན་སྐུ་ཞབས་རཇ་ཀུ་མར་ ཀུ་རཱ་ནཱ་ (Shri Rajkumar Khurana Ji, Founding MD, Shanti Gyan Niketan School) མཆོག སྐུ་ཞབས་པ་ཝན་ ཤར་མ་ (Shri Pawan Sharma Ji, Zonal Chairman) མཆོག འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་རྩིས་པ་མིག་དམར་མཚམས་གཅོད་ལགས། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལྷ་མོ་ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ་གཉིས་བཅས་མཉམ་ཞུགས་གནང་འདུག


མཛད་སྒོའི་ཐོག་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Adarniya Dr. Indresh Kumar Ji, Margdarshak of BTSM) མཆོག་གིས་ཚོགས་བཅར་བ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཡོངས་ནས་གནས་ཆེན་གངས་རིན་པོ་ཆེ་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་བཅིངས་གྲོལ་ཐོབ་པར་རྟག་ཏུ་སྨོན་ལམ་འདེབས་དགོས་པ་དང་། གོང་རིམ་གྱི་བཀོད་ཁྱབ་ལ་སྒུག་ནས་མ་བསྡད་པར་དེའི་དོན་རྟག་ཏུ་ལས་དོན་སྤེལ་དགོས་པའི་སྐུལ་མ་དང་སྦྲགས། ཕྱི་ལོ་ ༢༠༢༥ ལོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གསར་པ་དང་། ས་གནས་ཁག་གི་ཚོགས་པའི་ཚོགས་མི་བཅས་བསྐོ་གཞག་གསལ་བསྒྲགས་གནང་འདུག


བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འདས་པའི་ལོ་ངོ་ ༢༦ རིང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཐོག་ནས་བོད་ཀྱི་རང་དབང་དང་། རྒྱ་གར་གྱི་བདེ་འཇགས་ཐོག་སྐུ་ལས་བསྐྱོན་པ་དང་། ལྷག་པར་དུ་བོད་མི་སུད་ཚོང་བ་རྣམས་ལ་ས་གནས་ས་ཐོག་ནས་མཐུན་འགྱུར་ཞུ་སྒོ་ཁག་གནང་བར་བསྔགས་བརྗོད་ཞུས་འདུག


བོད་ནང་གི་གནས་སྟངས་དང་འབྲེལ་ཏེ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་གཏོར་དང་། ཚད་ལས་འདས་པའི་རང་བྱུང་གཏེར་ཁ་བསྔོག་འདོན། རང་བྱུང་སྐྱེ་ཁམས་ལ་ཉེན་ཁ་བཟོས་པ། ཡར་ཀླུང་གཙང་པོའི་ཆུ་མཛོད་ཀྱི་ལས་གཞིའི་ཐོག་ནས་བོད་ནས་བབས་པའི་ཆུ་བོ་བེད་སྤྱོད་བཏང་ནས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་སོགས་ཀྱི་འགྲེལ་བརྗོད་གནང་འདུག


གཞན་ཡང་སྤྱི་འཐུས་མཆོག་གིས། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོ་བཅས་ལ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དང་། དགུ་པ་བཅས་ཀྱི་སྐོར་དང་། དེ་བཞིན་བོད་དོན་ཞི་བའི་ཐོག་ནས་སེལ་ཐབས་སུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་གཏོང་ཐབས་སུ་ཡུ་རོབ་དང་། ཨིན་ཡུལ། ཨོ་སི་ཀྲོ་ལི་ཡ། ཐེ་ཝན། རྒྱ་གར་བཅས་ཀྱི་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ཞུ་སྐུལ་གནང་བའི་ལས་དོན་སྐོར་ལ་ངོ་སྤྲོད་གནང་འདུག


མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་། དེ་བཞིན་རྒྱ་གར་གཅིག་སྒྲིལ་དང་ནུས་པ་གོང་འཕེལ་ཡོང་བ། འཕགས་བོད་གཉིས་ཀྱི་མཛའ་འབྲེལ་ཡུན་རིང་གནས་པ། འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་འགུལ། བོད་མིའི་རང་དབང་དང་། གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅིངས་གྲོལ་ཐོབ་རྒྱུ། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཡོང་བའི་ལས་དོན་ཁག་ལམ་ལྷོངས་ཡོང་བའི་སྨོན་འདུན་བཅས་ཞུས་འདུག


ཆོས་ཕྱོགས་དང་རིག་གཞུང་གི་གལ་གནད་དང་འབྲེལ་ཚོགས་འདུའི་ཐོག་ (Budh Mahakumbh Yatra) ཅེས་པའི་ཕྱག་དེབ་ཅིག་དབུ་འབྱེད་གནང་འདུག་ལ། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ཐོག་ནས་བོད་དོན་དང་འབྲེལ་བའི་ཕྱག་དེབ་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་གནང་སོང་།
ཚོགས་འདུའི་མཐའ་མར་རྒྱ་གར་རྒྱལ་ཁབ་ཀྱི་གླུ་ (Vande Mataram) བཏང་སྟེ་མཛད་སྒོ་མཇུག་བསྒྲིལ་གནང་ཡོད་འདུག་པ་བཅས།