འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མཆོག་བཞུགས་སྒར་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) མཆོག་དང་། དཔལ་འབྱོར་འགན་འཛིན་སྐུ་ཞབས་པན་ཀ་ཇ་ ཀུ་མར་ (Pankaj Kumar, Finance Manager) མཆོག རྩིས་ཞིབ་པ་ལྕམ་སྐུ་ཇེ་ཁེ་ལིན་ བྷག་ཤི་ (Ms. Jacqueline Bakshi, Regional Internal Auditor) མཆོག་བཅས་ལ་དགོང་དྲོའི་གསོལ་སྟོན་དང་། རིག་གཞུང་གཞས་སྣ་གཟིགས་འབུལ་ཞིག་གོ་སྒྲིག་ཞུས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་དཔལ་ལྡན་བཀའ་བློན་རྣམ་པ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཆེད་བཅར་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཇར་མན་རོགས་ཚོགས་ (FNF) ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་དུས་ཡུན་རིང་ཤོས་ཀྱི་མཐུན་འགྱུར་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ཡང་འཇར་མན་རོགས་ཚོགས་ (FNF) ནས་ཐོག་མར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་མཐུན་འགྱུར་གནང་བ་དང་། ཕྱིས་སུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་སྒོ་བརྒྱབ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མུ་མཐུད་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་དང་ཚགས་ཚུད་ཡོང་སླད་མཐུན་འགྱུར་གནང་གི་ཡོད་པ་སོགས་ངོ་སྤྲོད་མདོར་བསྡུས་དང་། འཚམས་འདྲིའི་གསུང་བཤད་གནང་བ་དང་།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མན་རོགས་ཚོགས་ (FNF) དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་ཐོག་མར་འབྲེལ་བ་བྱུང་སྟངས་དང་། ཕྱི་ལོ་ ༡༩༩༡ ལོར་ཐོག་མར་འབྲེལ་བ་འགོ་འཛུགས་པ་ནས་བཟུང་འཇར་མན་རོགས་ཚོགས་ (FNF) ཡིས་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་སླད་མཐུན་འགྱུར་གནང་བཞིན་ཡོད་པའི་སྐོར་གསུངས་པ་དང་། གཞན་ཡང་འཇར་མན་རོགས་ཚོགས་ (FNF) ཀྱི་སྐོར་དང་། དེའི་ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་མཆོག་ནི་བོད་དོན་ཐོག་དམིགས་བསལ་དོ་སྣང་དང་། བོད་པའི་སྤྱི་ཚོགས་ལ་སེམས་ཐག་ཉེ་པོ་གནང་མཁན་དང་། བོད་པའི་རྩ་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཐོག་སེམས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པའི་སྐོར་སོགས་ངོ་སྤྲོད་གནང་སོང་།

འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་མཆོག་གིས་ཁོང་ཉིད་བཞུགས་སྒར་རྡ་སར་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ནས་མང་གཙོའི་ལམ་ལུགས་ཚད་དང་ལྡན་པ་ལག་བསྟར་གནང་བཞིན་ཡོད་པར་བསྔགས་བརྗོད་དང་། འཛམ་གླིང་སྤྱི་དང་། ལྷག་པར་དུ་ཡུ་རོབ་ནང་གི་གནད་ཡོད་མི་སྣ་གང་མང་མང་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་འདུ་སྡོད་ཁག་ལ་ཕེབས་རྒྱུའི་ལས་རིམ་བཟོས་ཏེ་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ཚད་ལྡན་ལག་བསྟར་གནང་བཞིན་ཡོད་པ་ཤེས་ཐུབ་པ་བཟོ་རྒྱུའི་འབད་བརྩོན་གནང་གི་ཡིན་ཞེས་གསུངས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུར་འདུན་པ་ཆེན་པོ་ཡོད་སྐོར་བཅས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་དང་། ཁོང་གི་ཕྱག་རོགས་ལས་བྱེད་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཞིག་ཕྱག་རྟགས་ཕུལ་གནང་སོང་།

དེ་ཉིན་ཆུ་ཚོད་ ༢།༣༠ ཐོག་འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ཀེ་ལེན་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་སྐབས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་ཤིང་། གྲོས་ཚོགས་ནས་ཁོང་ལ་འཚམས་འདྲི་ཞུས་རྗེས།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ (FNF) རོགས་ཚོགས་ནས་དུས་ཡུན་རིང་པོའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་སྨྲ་བརྗོད་དང་། འགྲུལ་བཞུད་ཀྱི་རང་དབང་མེད་པ་སོགས་ཛ་དྲག་གནས་སྟངས་སྤྱི་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་མུ་མཐུད་གཏོར་སྐྱོན་གཏོང་བཞིན་ཡོད་པའི་སྐོར། ཉེ་ཆར་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་སྤྱི་མོས་གཏན་འབེབས་གནང་བའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གི་གྲོས་ཆོད་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་གར་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་དང་། སྐུ་ཞབས་ཁོང་གིས་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ནས་མང་གཙོ་ཚད་ལྡན་ལག་བསྟར་གནང་བཞིན་ཡོད་པར་བསྔགས་བརྗོད་དང་། བོད་དོན་ཐོག་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་བ་བཅས། །

Menu