༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༣ ཉིན་འཇར་མན་ནི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Anna- Elisabeth von Treuenfels- Frowein མཆོག་དང་ཁོང་གི་སྐུ་ཟླ་དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་ནི་རོགས་ཚོགས་ Friedrich Nauman Foundation ཀྱི་ལས་བྱེད་གཉིས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་སྦྲགས། ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་འཕེལ་རིམ་དང་། ལས་དོན་གནང་ཕྱོགས། དེ་བཞིན་སྤྱི་ལྷན་གྱི་གྲུབ་ཆ་སོགས་ངོ་སྤྲོད་གནང་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཐོག་མར་ཁོང་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་རྣམ་པ་འདིར་ཕེབས་པ་ཙམ་གྱིས་བོད་འདི་ད་ལྟའང་ཕྱི་འཛམ་གླིང་རྒྱལ་ཁབ་ཀྱིས་བརྗེད་མེད་པ་མ་ཟད། ད་དུང་ཡང་རྒྱབ་སྐྱོར་དང་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རྒྱ་ནག་དམར་གཞུང་ལ་བརྡ་ལན་ཤུགས་ཆེན་པོ་ཞིག་འགྲོ་ཡི་ཡོད་པས་གཞིས་བཞུགས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་སོང་།
གཞན་ཡང་མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཉེ་ལམ་ཁམས་སྡེ་དགེའི་ནང་ཛ་དྲག་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་གི་བོད་མི་བྱིས་པ་ཚུན་གྱི་རིགས་རྫས་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་ནང་རྒྱ་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཁག་གི་ནང་གཏན་སྡོད་བྱེད་དུ་འཇུག་གི་ཡོད་ལ་བོད་ཕྲུག་ཚོའི་རང་གི་རིག་གཞུང་དང་། ཆོས་ལུགས། དེ་བཞིན་ལོ་རྒྱུས་སོགས་སྦྱོང་རྒྱུའི་ཐོབ་ཐང་འཕྲོག་པ་མ་ཟད། བོད་ཕྲུག་ཚོའི་སེམས་ཁམས་ནང་སིམ་འཛུལ་གྱིས་བོད་པའི་ངོ་བོ་ནག་སུབ་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་འཇར་མན་ནི་མཚོན་པའི་རྒྱལ་ཁབ་ཚོས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཁེ་ཕན་གཙོ་བོར་བཟུང་བའི་ཐོག་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པར་འགན་འཁྲི་ཡོད་པ་བཟོ་དགོས་པའི་སྐོར་གསུངས་པ་དང་སྦྲགས། ཁོང་གིས་བོད་པའི་རིག་གཞུང་ནི་སྙིང་རྗེ་དང་འཚེ་མེད་ཞི་བ། མཉམ་གནས་བཅས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པ་ནན་བརྗོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་དགོས་པ་ནན་བརྗོད་གནང་སོང་།
རྒྱ་ནག་གཞུང་གིས་བོད་མི་རིགས་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་ཀྱང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་རྣམས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཤིག་མིན་པར་བོད་མི་རིགས་བྱེ་བྲག་པ་ཞིག་ཡིན་པ་གསལ་བཤད་གནང་བ་དང་། ཁོང་གིས་གྲོས་ཚོགས་འཐུས་མི་ཁོང་གིས་རྒྱ་ནག་གི་བཙན་འཛུལ་འོག་གི་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་གནང་དགོས་པའི་ནན་སྐུལ་གནང་ཡོད།
སྐུ་མགྲོན་རྣམ་པ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ཟུར་ཉན་དུ་ཕེབས་པ་དང་། ཁོང་རྣམ་པར་གྲོས་ཚོགས་ནས་དགའ་བསུ་གནང་ཡོད།
ལྕམ་སྐུ་ཨ་ནཱ་ ཨེ་ལི་ཛ་བྷེཊ་ ཝོན་ ཁྲུ་ཨིན་ཕྷེཛ་ ཕྷོ་ཝ་ཨིན་ལགས་ཕྱི་ལོ་ ༡༩༦༢ ལོར་ཕྷ་འེ་སྦག་གྲོང་ཁྱེར་གྱི་ཨེལ་སྦ་ཡུལ་ཁོངས་སུ་སྐྱེས། ལྕམ་སྐུ་ཁོང་ཉིད་གཉེན་སྒྲིག་བྱས་ཡོད་པ་མ་ཟད་བུ་ཕྲུག་གསུམ་ཡོད་པ་རེད། ཨ་ནཱ་ལགས་འབྲིང་རིམ་སློབ་མཐར་ཕྱིན་པའི་རྗེས་ཧེམ་སྦག་དང་། མུ་ནིག་གྲོང་ཁྱེར་གཉིས་ཀྱི་ནང་ཁྲིམས་ལུགས་རིག་པའི་སློབ་གཉེར་གནང་སྟེ་ཕྱི་ལོ་ ༡༩༩༡ ལོ་དང་། ༡༩༩༥ ལོ་སོ་སོར་ཇར་མན་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ཡིག་རྒྱུགས་སྔ་མ་དང་ཕྱི་མ་གཉིས་ལེགས་སོན་དུ་བྱུང་། ཕྱི་ལོ་ ༡༩༩༦ ནས་ ༢༠༠༨ བར་ལོ་ཤས་རིང་བྷར་སིལ་རྒྱལ་ཁབ་ནང་གནས་སྡོད་བྱས། ཨ་ནཱ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་ཧེམ་སྦག་གྲོང་ཁྱེར་དུ་”ང་ཚོས་ཤེས་འདོད་ཡོད་”ཅེས་པའི་མང་མོས་འོས་བསྡུ་ཞིག་ལ་རྒྱབ་སྐྱོར་བྱས་ནས་བཟུང་ཆབ་སྲིད་ཀྱི་ལམ་དུ་བསྐྱོད་འགོ་བརྩམས་ཏེ་ཕྱི་ལོ་ ༢༠༠༩ ལོར་ཇར་མན་རང་དབང་མང་གཙོའི་ཚོགས་པ་ (FDP) ཡི་ཚོགས་མིའི་ཁོངས་སུ་ཞུགས། ལྕམ་སྐུ་ཁོང་ནི་ཕྱི་ལོ་ ༢༠༡༧ ནས་ད་བར་འཇར་མན་ནིའི་ཧེམ་སྦག་གྲོས་ཚོགས་ཀྱི་འཐུས་མི་ཡིན་ལ་ཕྱི་ལོ་ ༢༠༡༨ ནས་ད་བར་འཇར་མན་རང་དབང་མང་གཙོ་ཚོགས་པའི་འཛིན་སྐྱོང་སྤྱི་མཐུན་ཚོགས་ཆུང་གི་ཚོགས་མི་ཞིག་ཀྱང་ཡིན་པ་བཅས།