འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༢ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༤༥ ཐོག་འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུར་གྷན་ མར་ཊེ་སི་ (Dr. Juergen Martess, President of Deutsche Gruppe der Liberal International (DGLI) མཆོག་དང་། འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཞོན་དང་། འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) མཆོག་སོགས་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་ཐོག་མར་འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་མི་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཟུར་ཉན་དུ་ཕེབས་པ་དང་། སྐབས་དེར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་དང་།

དེ་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྐུ་མགྲོན་རྣམས་ལ་ “སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ།” ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གྱི་བརྙན་ཐུང་ཞིག་གཟིགས་འབུལ་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་རྣམས་བཙན་ཤེད་ཐོག་རྒྱའི་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱེད་བཅུག་སྟེ་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་མིའི་རིགས་རྫས་ (DNA) བསྡུ་ལེན་སོགས་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་དང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་བཟོད་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གཞུང་གིས་ཟེར་བ་ལྟར་ནང་གི་གནད་དོན་ཞིག་མིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་དམར་གཞུང་ནི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆགས་ཀྱི་ཡོད་སྐོར། བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་བཅས། །