དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་གོ་སྒྲིག་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༦ པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པས་ལྕམ་སྐུ་ཀ་ལ་འོ་ཌི་རོ་ཐི་ Ms. Claudia Roth མཆོག་ཕེབས་པ་ལྟར།དེ་ཉིན་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་རྣམ་གཉིས་མཇལ་འཕྲད་དང་། སྣེ་ལེན་མཇལ་དར་ཕུལ་ཏེ་འཚམས་འདྲི་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། གྲོས་ཚོགས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་དུ་ཕེབས། དགོང་དྲོ་ཁོང་དང་ཁོང་གི་སྐུ་འཁོར་དང་བཅས་པར་སྤྱི་ལྷན་ནས་གོ་སྒྲིག་ཞུས་པ་ལྟར། སྤྱི་འཐུས་རྒྱུན་ལས་རྣམ་པས་ལྷན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་སྟོན་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད།
མདོར་ན་ལྕམ་སྐུ་ཁོང་ནི་སྔ་མོ་ནས་བཟུང་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་དབུ་ཁྲིད་ཞིག་ཀྱང་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།