འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅།། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་འཇར་མ་ནི་རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བཅུ་བཞི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ་སྣེ་ལེན་མཇལ་འཕྲད་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྐོར། གྲོས་ཚོགས་ཚོགས་དུས་དང་ཚོགས་འདུའི་འགྲོ་ལུགས། བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་འཕེལ་རིམ་སོགས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་རྣམ་པས་རང་ཉིད་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ། བོད་ནང་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་མེར་བསྲེགས་ཕུལ་བའི་སྐོར་དང་། བོད་པའི་ངོ་བོ་དང་འཐབ་རྩོད། བཙན་བྱོལ་བོད་མིའི་འོས་བསྡུའི་སྐོོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་དོན་གཅོད་ཁག་སོགས་ཀྱི་སྐོར་དྲི་བ་ཕུལ་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བཞིན་ཡོད་སྐོར་དང་། སྤྱི་འཐུས་རྣམ་པ་བོད་མིའི་གཞིས་ཆགས་ཁག་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པའི་སྐོར། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཇར་མ་ནི་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་རིམ་པ་གཉིས་ཚོགས་ཡོད་པའི་སྐོར་སོགས་ཞིབ་འགྲེལ་གནང་སོང་
མཐར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཁོང་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མིར་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རོགས་ཞེས་གསུངས་གནང་རྗེས། སྐུ་མགྲོན་རྣམས་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །