༄༅། །བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡་་་༢༠༡༢ ལོའི་སྔོན་རྩིས་ཐོག་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཐེངས་ལྔ་པའི་སྙན་ཐོ་འགོད་འབུལ་ཞུས་པ་གཤམ་གསལ།
༈སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ འཁོད་པའི་བཀོད་རྒྱ་ཕེབས་དགོངས་སུ་རྩིས་ལོ་ ༢༠༡༡་་་་༢༠༡༢ ལོའི་བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར།
༡༽ སྤྱི་འཐུས་པདྨ་འབྱུང་གནས་ལགས།
༢༽སྤྱི་འཐུས་ཟླ་བ་ཚེ་རིང་ལགས།
༣༽ སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས།
༤༽ སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས།
༥༽ སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་བཅས་ལ་དམིགས་འཛུགས་གནང་དོན་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༣ སྔ་དྲོ་གོང་གསལ་ཚོགས་མི་རྣམས་ནས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ས་གནས་སུ་འབྱོར་ཐུབ་ མིན་གྱིས་ཉིན་གཅིག་དགོངས་ཞུ་གནང་ཞིང༌། གཞན་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཐོག་མར་ཚོགས་གཙོ་ གཅིག་དགོས་པ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང༌། ཚོགས་དྲུང་དུ་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ བཅས་སུ་སྤྱི་མོས་བྱུང༌།
དང་པོ། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང༌། ཞིབ་འཇུག་ཇི་ཞུས།
དེ་ནས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་ཞུ་བར་བཅར་པས་དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་པ་དང༌། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཚོགས་གཙོ་གཉིས་གོ་བསྡུར་གྱིས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་ཕེབས་གསལ་དུ།
“ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༦ ཉིན་འཛིན་སྐྱོང་བཀའ་ཤག་ནས་བཀོད་ཁྱབ་གནང་དོན་དུ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་དམིགས་བསལ་རེ་ཟུང་མ་གཏོགས། བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་དངུལ་འབོར་ཡོངས་རྫོགས་རྒྱ་གར་དུ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་ཚན་ཁག་གི་རྩིས་ཁོངས་སུ་འཇོག་རྒྱུ་ཐག་གཅོད་ཟིན་པ་བཞིན་ད་ཆ་འཕྲལ་དུ་ཕྱག་བསྟར་གནང་དགོས་”གསལ་བ་ལྟར། ཚོགས་དྲུང་ལས་ཁུངས་དང་ལས་ཁུངས་ཁ་ཤས་ལ་དེ་དོན་ཕྱག་བསྟར་གནང་རྒྱུར་དཔལ་འབྱོར་ལས་ཁུངས་སུ་མཛད་དཀའ་ཡོད་ཚོད་ལ་དཀའ་སེལ་གནང་ལམ་ཡོད་མེད་ཞིབ་འཇུག་དགོས་སྐོར་ཕེབས་པ་དང༌། གཞན་ཡང་དུས་ནས་དུས་སུ་ལམ་སྟོན་གནང་དགོས་མཆིས་ཚེ་དེ་དོན་ཞུ་རྒྱུ་བཅས་བཀའ་ཕེབས།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་གོང་གསལ་ལམ་སྟོན་ལྟར། ཚོགས་ཆུང་ནས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་གདན་འབོད་ཀྱིས་འཛིན་སྐྱོང་བཀོད་ཁྱབ་ལྟར་ཕྱག་བསྟར་གནང་མ་ཐུབ་པའི་ལས་ཁུངས་ཇི་ཙམ་ཡོད་མེད་དྲིས་པར། ད་ལྟའི་ཆར་ལས་ཁུངས་གཅིག་ཀྱང་མེད་སྐོར་གསུངས་སོང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་གཉིས་ཟླ་བསྒྲིལ་མ་ཐུབ་པའི་རྒྱུ་མཚན་དྲིས་པར། འཛིན་སྐྱོང་བཀོད་བྱུས་འོག་ཐད་ཀར་མེད་པར་སོང་དེ་ལྟར་བཞག་པ་ལས་ཟླ་བསྒྲིལ་གནང་བར་དགག་བྱ་དང༌། མཛད་དཀའ་གང་ཡང་འཕྲད་རྒྱུ་མེད་སྐོར་བཀའ་ལན་གནང་སོང༌། དེས་ན་མ་འོངས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སོ་སོ་ནས་དམིགས་བཀར་དང་ཟུར་བཀོལ་གྱི་དངུལ་འབོར་ཆ་ཚང་ཁྲིམས་མཐུན་ཡོང་ཐབས་སུ་དཔལ་འབྱོར་ལས་ཁུངས་སུ་ཟླ་བསྒྲིལ་གནང་རྒྱུར་མོས་མཐུན་གནང་ཚེ་མཛད་དཀའ་འཕྲད་གཞི་གང་ཡང་མི་འདུག་ན་དེ་དོན་མཛད་ཕྱོགས་གནང་གལ།
གཉིས་པ། བཀའ་ཤག་གིས་རྩིས་ལོ་ ༢༠༡༡་་་༢༠༡༢ ལོར་རྒྱབ་གཉེར་གནང་ཕྱོགས།
ཀ༽ ལས་ཁུངས་སོ་སོའི་རྒྱུན་གྲོན་དགོས་དངུལ་འཕར་ཆག་ལ་རྒྱུ་མཚན་དམིགས་བསལ་ཡོད་ན་ལས། དེ་མིན་རྩིས་ལོ་ ༢༠༠༩་་་༢༠༡༠ ལོའི་ངོ་སོང་དང༌། རྩིས་ལོ་ ༢༠༡༠་་་༢༠༡༡ ལོའི་བསྐྱར་བཅོས་སྔོན་རྩིས་ཀྱི་བཀའ་འཁྲོལ་ དངུལ་འབོར་བཅས་ལ་གཞི་བཅོལ་གྱིས་རྒྱབ་གཉེར་གནང་འདུག དམིགས་བསལ་དང་ཟུར་བཀོལ་དུ་གསལ་བའི་ ལས་འཆར་ཁག་དགོས་གལ་ཆེ་ཆུང་དང༌། རྩིས་ལོའི་ནང་ལས་གཞི་ལག་བསྟར་ཐུབ་ངེས་ལ་གཞིགས་པའི་རྒྱབ་གཉེར་ཞུས་འདུག
ཁ༽ཕྱི་རྒྱལ་སྐུ་ཚབ་དོན་ཁང་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་ལ་བཀའ་ཤག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ བར་གྱི་ཁྲོམ་རའི་ཧིན་སྒོར་འཛའ་ཐང་ཆ་སྙོམས་དང༌། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་འཛའ་ཐང་གཉིས་ཞིབ་བསྡུར་གྱིས་འཛའ་འབབ་གང་ཉུང་བ་ལྟར་རྩིས་ བསྐོར་ཞུས་པ་ཞིབ་གནས་མཉམ་སྦྱར་ཞུས་ཡོད། དེ་ལྟར་ཞུ་དོན་དངོས་དོན་ཐོག་ཁྱད་པར་འགྲོ་གཞི་མེད་པ་ལྟར་ སྔོན་རྩིས་སུའང་དེ་མཚུངས་གསལ་ཐབས་ཞུས་གནས་དང༌། ཚོད་དཔག་འཆར་རྩིས་ནས་བཟོ་བཅོས་གནང་འོས་གནང་སྐྱོང་ཞེས་གསལ་འདུག་ནའང་འདི་ནས་བཟོ་བཅོས་གང་ཡང་མ་ཞུས་པར་དེ་མུར་བཞག་ཡོད།
ག༽དེབ་སྐྱེལ་ཡོད་པའི་ལས་ཁུངས་ངོ་བོའི་ཆ་ནས་ཆོས་རིག་ལས་ཁུངས་དང༌། ནང་སྲིད་ལས་ཁུངས། དཔལ་འབྱོར་ ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ལས་བྱེད་པའི་གསོལ་ཕོགས་ཁུངས་སོ་ སོའི་ཟུར་བཀོལ་ནས་མུ་མཐུད་གཏོང་རྒྱུ་དང༌། དེ་དག་ལ་ཕོགས་གྲོན་འདང་མིན་བྱུང་ཚེ་ཁ་གསབ་ཆེད་སྤོམ་ དངུལ་སྒོར་འབུམ་ ༡༤༠།༠༠ རྩིས་ལོ་ ༢༠༡༠་་་༢༠༡༡ ལྟར་དཔལ་འབྱོར་ལས་ཁུངས་ཀྱི་དམིགས་བསལ་རྒྱུན་གྲོན་ཁོངས་སུ་འཆར་འབུལ་ཞུས་འདུག
ང༽ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་ཞུ་ལམ་ཡོད་པ་སོར་གནས་ཐོག་མཐའ་མའི་བསྡོམས་འབོར་གང་ཡིན་འཛའ་སྒྱུར་གྱིས་ཧིན་སྒོར་ཐོག་རྒྱབ་གཉེར་གནང་འདུག
ཅ༽ཨོ་སི་ཀྲོ་ལི་ཡ་དང༌། ཉི་འོང༌། ཨ་རི། ཨིང་ལེན་སྐུ་ཚབ་དོན་ཁང་བཅས་ཀྱི་ཁོངས་སུ་ཡོད་པའི་ཐེབས་རྩའམ་ ཚོགས་པ་སོ་སོའི་ལོ་འཁོར་སྔོན་རྩིས་གསར་དུ་རྒྱབ་གཉེར་གྱིས་ཕྱོགས་བསྡོམས་མ་དངུལ་དུ་ཚུད་པ་འཆར་འབུལ་ཞུས་འདུག
ཆ༽ལྡི་ལི་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན་དང༌། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་འཆར་འགྲོ་གྲོན་དེ་སྔ་ དཔལ་འབྱོར་ལས་ཁུངས་བརྒྱུད་གཏོང་མུས་འདུག་པ་རྩིས་ལོ་འདིར་ལྡི་ལི་དོན་ཁང་གི་ཟུར་བཀོལ་ནས་གཏང་རྒྱུར་རྒྱབ་གཉེར་གནང་འདུག
ཇ༽བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ཕྱི་རྒྱལ་ལག་འཁྱེར་ཡོད་པར་རྒྱ་གར་ནང་ཕྱག་ལས་གནང་ཆོག་པའི་ཐོངས་མཆན་དོད་སྒོར་འབུམ་ ༢་༠༠ བཀའ་དྲུང་ཡིག་ཚང་གི་དམིགས་བསལ་རྒྱུན་གྲོན་ཁོངས་རྒྱབ་གཉེར་གནང་འདུག
ཉ༽ས་གནས་རང་བདེན་ཚོགས་ཆུང་ཁག་གི་རྒྱུན་གྲོན་སྔོན་རྩིས་འགེངས་ཤོག་གཏན་འབེབས་ལྟར་གཅིག་མཚུངས་བཀང་འབུལ་ཞུས་འདུག
གསུམ་པ། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།
༡༽ ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༣ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ འོད་ཟེར་ལགས་ས་གནས་སུ་འབྱོར་ཐུབ་མིན་གྱིས་ཉིན་གཅིག་དགོངས་པ་ཞུ་དགོས་བྱུང་བ་དང༌། སྤྱི་འཐུས་ཟླ་བ་ ཚེ་རིང་ལགས་ཆོལ་གསུམ་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་དང་འབྲེལ་བའི་ལས་དོན་ལ་བརྟེན་ཚེས་ ༢ ཉིན་ དགོངས་པ་ཞུ་དགོས་བྱུང༌། དེ་བཞིན་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ ཆེ་མཆོག་ཆིབས་བསྒྱུར་དང་འབྲེལ་ཚེས་ ༢༨ ཉིན་དགོངས་པ་ཞུ་དགོས་བྱུང་བ་དང༌། ཟླ་ ༣ ཚེས་ ༨ དང་ ༩ བཅས་བསྡོམས་ཉིན་གཉིས་རིང་ལས་བཅར་ཐུབ་མིན་ལ་སོང་དགོངས་པ་ཞུ་དགོས་བྱུང་བ་ལས། ཚོགས་མི་ གཞན་རྣམས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༣ ཉིན་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༩ བར་ལས་ཉིན་ གྲངས་ ༩ ལས་བཅར་གྱིས་རྩིས་ལོ་ ༢༠༡༡་་་༢༠༡༢ ལོའི་རྒྱུན་གྲོན་དང༌། དམིགས་བསལ། ཟུར་བཀོལ་ བཅས་ཀྱི་སྔོན་རྩིས་ཁ་ཤོག་དང༌། རྒྱབ་ལྗོངས་ཡིག་ཆ་བཅས་ཀྱི་ཡིག་སྣོད་གྲངས་ ༢༡། རྩིས་ལོ་ ༢༠༡༠་་་༢༠༡༡ ལོའི་སྔོན་རྩིས་དང༌། བསྐྱར་བཅོས་བཀའ་འཁྲོལ་གྱི་ཡིག་སྣོད་གྲངས་ ༥ བཅས་རེ་རེ་བཞིན་ཞིབ་འཇུག་ཞུས། འབྲེལ་ཡོད་ལས་ཁུངས་སོ་སོའི་རྩིས་པ་གྲངས་ ༡༣ དང༌། དྲུང་ཆེ་གྲངས་ ༢། འབྲེལ་ཡོད་ལས་བྱེད་གྲངས་ ༣ བཅས་འབོད་བཀུག་གིས་དོགས་གཅོད་ངག་ལམ་ནས་གྲངས་ ༦༦ དང༌། ཡིག་ལམ་བརྒྱུད་གྲངས་ ༢ བཅས་ཞུས།
༢༽ འདི་ལོ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྤར་གཅོག་གཉིས་གཙོ་དོན་ཞུས་མེད། གང་ལགས་ཞུས་ན། བཀའ་ཤག་ནས་སྤར་གཅོག་གི་གནད་དོན་ཐད་ཞིབ་ཚགས་དང༌། ཞིབ་འཇུག་གང་ལེགས་གནང་འདུག
༣༽ རྩིས་འགོ་མང་དག་ཅིག་ལོ་ནས་ལོ་བསྟུད་འགྱུར་བ་མང་ཙམ་བཏང་དང་གཏོང་བཞིན་འདུག་པ། རྩ་བའི་ལེགས་ བཅོས་གཏོང་བའི་ཚུལ་ཡིན་ངེས་ཀྱང༌། འབྲེལ་ཡོད་ལས་ཁུངས་སོ་སོའི་རྩིས་པ་ལ་དཀའ་ངལ་བྱུང་སྐོར་གསུངས་སོང་བ་དང༌། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལའང་དུས་ཐུང་ནང་ཞིབ་འཇུག་བྱ་རྒྱུར་ལས་རྫོབ་ཆེ་ཙམ་བྱུང༌།
བཞི་པ། སྤྱི་ཡོངས་སྔོན་རྩིས་གནས་སྟངས།
༡༽ རྩིས་ལོ་ ༢༠༡༡་་་༢༠༡༢ ལོའི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་བཅས་ལ་བཀའ་ཤག་གིས་རྒྱབ་གཉེར་ གནང་བ་ཧིན་སྒོར་ས་ཡ་ ༡༠༢༥་༦༩ གནང་འདུག་པ་རྩིས་ལོ་ ༢༠༡༠་་་༢༠༡༡ ལོའི་བསྐྱར་བཅོས་སྔོན་རྩིས་ཀྱི་ གཏན་འབེབས་བཀའ་འཁྲོལ་ནས་སྒོར་ས་ཡ་ ༡༡༤༤་༠༣ ལས་སྒོར་ས་ཡ་ ༡༡༨་༣༤ དང་བརྒྱ་ཆར་བསྐོར་བ་ཡིན་ན། བརྒྱ་ཆ་ ༡༠་༣༤ ཉུང་བ་བྱུང་འདུག
༢༽ གོང་གསལ་འགྲོ་གྲོན་ཁོངས་ནས་སྒོར་ས་ཡ་ ༧༨༤་༧༠ ཟུར་བཀོལ་ནས་གཏོང་དམིགས་ཡོད་པ་ཕུད་འཕྲོས་སྒོར་ས་ཡ་ ༢༤༠་༩༩ དཔལ་འབྱོར་ལས་ཁུངས་བརྒྱུད་གཏོང་རྒྱུ་གནང་འདུག
༣༽ལས་འཆར་ངེས་གཏན་མ་འཁེལ་བའི་རིགས་གང་ཡང་རྒྱབ་གཉེར་འཆར་འབུལ་ཞུས་མི་འདུག
༤༽ས་གནས་འཐུས་མི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ ༦ དང་ལྷོ་ཕྱོགས་ལས་ཁུངས་ཀྱི་འགྲོ་ གྲོན་བསྡོམས་སྒོར་ས་ཡ་ ༣༢་༨༧ དང༌། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང༌། སྨན་ཁང་ཁག་ ༡༡ ལ་འགྲོ་གྲོན་སྒོར་ས་ཡ་ ༣༦་༨༣ བཅས་སོ་སོར་རྒྱབ་གཉེར་ཞུས་འདུག
ལྔ་པ། རྩིས་ལོ་ ༢༠༡༡་་་༢༠༡༢ ལོའི་སྔོན་རྩིས་རྩིས་ཤོག་ལ་སོགས་པར་སྤྱི་ཡོངས་མཐོང་ཚུལ་དང་རྒྱབ་གཉེར་ཞུས་ཁག
༡༽ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོ་ཨང་བདུན་པར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ ཐེངས་དང་པོའི་སྙན་ཐོའི་དགོངས་དོན་ལག་བསྟར་ཞུ་རྒྱུའི་ཁོངས་སྤྱི་ལྷན་གྲོས་ཚོགས་རིམ་པའི་ནང་དབུ་མའི་ལམ་ གྱི་སྐོར་གྲོས་ཆོད་སོགས་ཇི་ཡོད་ཕྱོགས་བསྒྲིགས་དེབ་གྲངས་ ༢༨༠༠ ཙམ་སྤར་སྐྲུན་སླད་སྤོམ་དངུལ་སྒོར་ ༡༠༠༠༠༠།༠༠ ཞུས་འདུག་པ་བཀའ་ཤག་ནས་དེར་རྒྱབ་གཉེར་གནང་མི་འདུག ཟུར་བརྗོད་འགོད་སར་ཡིག་ མཆན་ཞིག་བཀོད་འདུག་པ་དེའི་ནང་སྣར་ཐང་དཔར་ཁང་ནས་ཞུ་རྒྱུ་ཞེས་གསལ་འདུག་པ་རྩིས་ལོ་ ༢༠༡༡་་་༢༠༡༢ ལོར་བཀའ་ཤག་ནས་སྣར་ཐང་དཔར་ཁང་དུ་བཀོད་རྒྱ་གནང་ནས་ལག་བསྟར་ངེས་པར་ཐུབ་པ་གནང་དགོས།
༢༽ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོ་ཨང་ ༡༠ པ་དང༌། དམིགས་བཀར་ཨང་ ༡་༤ ཁ་པ་བཅས་ སུ་དཔར་རིས་འགྲེམས་སྟོན་ལས་གཞི་གནང་འཆར་རེད་འདུག་པ། དེ་ལྟའི་ལས་འཆར་དེ་བཞིན་ས་ཁག་བཞི་ཙམ་ མིན་པར་ཡུལ་བསྐོར་སྤྲོ་འཆམ་ཤུགས་ཆེ་ཡོད་སའི་ས་གནས་ཁག་ཏུ་དཔར་རིས་འགྲེམས་སྟོན་གནང་གལ་དང༌། གཞན་ཡང་དགོན་སྡེ་སོགས་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་པོ་ཡོང་སའི་ས་གནས་ཁག་ཏུ་དཔར་རིས་འགྲེམས་ སྟོན་གཏན་འཇགས་འཛུགས་ཐབས་དང༌། དེར་འདྲ་དཔར་ཁག་གི་བདག་དབང་ཕྱི་དྲིལ་ལས་ཁུངས་ལ་ཡོད་པའི་ཐོག་ནས་མཐུན་འགྱུར་གནང་ཐབས་དགོས་གལ་དུ་མཐོང༌།
༣༽ བོད་ཀྱི་མིང་ཚིག་ཡོད་བཞིན་དུ་སྔོན་རྩིས་རྩིས་ཤོག་ནང་ཕྱི་སྐད་མཉམ་བསྲེས་ཀྱིས་དཔེར་ན་ཡིག་སྣོད་ལ་ཡིག་ཕེལ་ ཟེར་བ་ལྟ་བུ་ཁ་ཤས་འདུག་པ། གནས་ཚུལ་ཆུང་ངུ་ཞིག་ཡིན་ནའང་རང་མི་རིགས་ཀྱི་སྐད་ཡིག་ལ་སྣང་མེད་ཀྱིས་སྐད་ཡིག་གཞན་མཉམ་བསྲེས་རིགས་དེ་དག་ལ་འཛིན་སྐྱོང་ནས་སླད་ཐུགས་སྣང་གནང་གལ།
༤༽ཞིབ་ཚགས་མེད་པའི་སྐྱོན་གནད། འདི་ནས་སྔོན་རྩིས་རྩིས་ཤོག་ལ་ཞིབ་སྐབས་རྩིས་ལོ་ ༢༠༡༠་་་༢༠༡༡ གི་རྩིས་ ཤོག་ནང་རྩིས་ལོ་ ༢༠༠༩་་་༢༠༡༠ ངོ་སོང་བསྡོམས་འབོར་དང༌། རྩིས་ལོ་ ༢༠༡༡་་་༢༠༡༢ ཀྱི་རྩིས་ཤོག་ནང་ རྩིས་ལོ་ ༢༠༠༩་་་༢༠༡༠ ངོ་སོང་བསྡོམས་འབོར་གཉིས་གཅིག་མཚུངས་དགོས་ངེས་ཀྱང༌། རྩིས་ལོ་ ༢༠༡༠་་་༢༠༡༡ གི་རྩིས་ཤོག་ནང་རྩིས་ལོ་ ༢༠༠༩་་་༢༠༡༠ ངོ་སོང་བསྡོམས་འབོར་དང༌། རྩིས་ལོ་ ༢༠༡༡་་་༢༠༡༢ ཀྱི་རྩིས་ཤོག་ནང་རྩིས་ལོ་ ༢༠༠༩་་་༢༠༡༠ ངོ་སོང་བསྡོམས་འབོར་གཉིས་མ་མཐུན་པར་བཀོད་ འདུག དེ་བཞིན་རྩིས་ལོ་ ༢༠༡༠་་་༢༠༡༡ གི་བསྐྱར་བཅོས་བཀའ་འཁྲོལ་དང༌། རྩིས་ལོ་ ༢༠༡༡་་་༢༠༡༢ ཀྱི་ རྩིས་ཤོག་ནང་རྩིས་ལོ་ ༢༠༡༠་་་༢༠༡༡ གི་བསྐྱར་བཅོས་བཀའ་འཁྲོལ་བསྡོམས་འབོར་མཐུན་དགོས་ཀྱང༌། མ་ མཐུན་པར་བཀོད་པ་སོགས་འདུག་ན། སླད་ལས་ཀྱི་བྱེད་པོ་རྩིས་པ་དང༌། དྲུང་ཆེ། བཀའ་བློན་བཅས་ནས་གནས་ཚུལ་ཆུང་ཙག་དེ་རིགས་ལའང་ཐུགས་སྣང་གནང་གལ།
༥༽ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་ཡོད་པ་ཇི་བཞིན་བལ་ཡུལ་ དོན་གཅོད་ལས་ཁང་ལའང་བལ་སྒོར་ཐོག་འཆར་འབུལ་རྒྱབ་གཉེར་ཞུས་འདུག་རུང༌། བལ་ཡུལ་དུ་ཡོད་པའི་རྩིས་ ཞིབ་ཡན་ལག་དང༌། ས་འཐུས་མེད་པའི་ས་གནས་འགོ་འཛིན་ལས་ཁང་ཁག་ཁ་ཤས་འདུག་པ་བལ་སྒོར་ནང་མ་ ཞུས་པར་ཧིན་སྒོར་ཐོག་ཞུས་འདུག་པས། མ་འོངས་པར་རྒྱུ་མཚན་གཅིག་མཚུངས་ལ་གནང་ཕྱོགས་གཅིག་མཚུངས་གནང་གལ།
༦༽ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་ཨང་དྲུག་པའི་ནང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ལས་ཁུངས་གསར་རྒྱག་སྤོམ་དངུལ་སྒོར་ ༥༠༠༠༠༠༠།༠༠ ཞུས་འདུག་པར་བཀའ་ཤག་ནས་སྒོར་ ༢༥༠༠༠༠༠༠།༠༠ རྒྱབ་གཉེར་གནང་འདུག འདི་ནས་ད་ལྟ་ཡོད་བཞིན་པའི་ཚོགས་ཁང་དང་ལས་ཁུངས་བཅས་ ཀྱི་བྱུང་བའི་ཐོག་ཞིབ་འཇུག་རོབ་ཙམ་བགྱིས་པར་དངོས་བྱུང་གནས་ཚུལ་གཤམ་གསལ་ལྟར་རེད་འདུག དེ་ཡང་བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༩།༢༤ ཤོག་གྲངས་ ༧།༨ ལ་གསལ་བ་འདི་ལྟར།
ཀ༽”སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་གཞི་དགོས་པ་བླ་མེད་ཀྱིས་ཡོངས་ཁྱབ་རྩ་ཁྲིམས་ རིན་པོ་ཆེ་སྤྱི་སྩལ་བཀའ་དྲིན་ཆེ་བའི་དགོངས་དོན། བོད་ཆོས་སྲིད་གཉིས་ལྡན་དམངས་གཙོའི་གཞུང་གི་སྒྲིག་ འཛུགས་ཀྱི་ངོ་བོ་བོད་རྒྱ་ཆེའི་མི་མང་ནས་མང་མོས་འོས་འདེམས་བྱས་པའི་ཆོས་ལུགས་ཆོལ་གསུམ་དང་བཅས་ པའི་སྤྱི་འཐུས་ཀྱི་ལྷན་ཁང་འདི་ཡིན་ཞིང༌། ད་ཕན་ལྷན་ཚོགས་གནང་ཡུལ་ཁང་མིག་གཅིག་ལས་མེད་ཅིང༌། དེ་ ཡང་གུ་རྒྱ་ཆུང་ཞིང༌། དུས་ཀུན་ཏུ་མཛད་ཟིང་དང༌། བཀའ་བསྡུར་གནང་སྐབས་ཕྱི་བཅར་ཞུ་མཁན་ཕེབས་སྒུག་ ཞུ་ཡུལ་མེད་པར་ཕྱི་རོལ་ཉི་ཆར་ནང་བཞུགས་དགོས་སོགས་ཀྱི་སྐུ་ངལ་དངོས་ཡོད་དུ་ད་ཕན་སྤྱི་སྐབས་རིམ་པས་ ཐུགས་སྲན་ཆེ་བཞུགས་འདུག་ཀྱང༌། ད་ཆ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོས་སྲིད་ཀྱི་མཛད་འཕྲིན་ ཕྱོགས་དང་ཕྱོགས་ཀུན་ཏུ་ཆེས་ཆེར་ཁྱབ་པ་དང༌། རང་གཞུང་གི་ཆབ་སྲིད་མཛད་རྒྱའི་སྟོབས་ཤུགས་ཉིན་རེ་ བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པར་བརྟེན། ཕྱི་ནང་མཇལ་བཅར་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང༌། དགྲ་གཉེན་གཉིས་ཕྱོགས་ནས་ཉམས་སྣང་ཆེས་ཆེར་བྱེད་པའི་དུས་སྐབས་འདིར་སྤྱི་འཐུས་ལྷན་ཁང་འདི་བཞིན་ འཆར་ཅན་ཟླ་རེའི་ཚེས་ ༥ ནམ་ཤར་ལ་ཆེས་མཐོའི་རྒྱུན་ལས་ནང་གལ་ཆེའི་བཀའ་བསྡུར་བསྟར་ཆགས་དང༌། འཕར་མའི་བཀའ་བསྡུར་གནང་འོས་བཅས་ཆོས་སྲིད་གཉིས་ལྡན་དམངས་གཙོའི་ངོ་བོ་ཡོངས་སུ་ལྡན་པའི་བྱེས་ འབྱོར་བོད་གཞུང་མང་གི་ཆབ་སྲིད་ལ་སྟངས་འཛིན་ཞིབ་དཔྱད་བྱེད་པོའི་ལྷན་ཁང་གནད་གལ་ཆེ་ཤོས་ཤིག་ཡིན་ པར་བརྟེན། ༡༩༧༩ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་རྣམས་ནས་མཛད་རྒྱའི་གལ་གནད་ལ་གཞིགས་ པའི་ལྷན་ཁང་ཡང་རྒྱ་ཆེ་གུ་ཡངས་ཁང་ཁྱོལ་དང་བཅས་པ་དགོས་གལ་ལ་གཟིགས་ཏེ་སྤྱི་ནོར་ྋགོང་ས་དོན་གྱི་ བདག་པོར་ལྷན་ཁང་གསར་རྒྱག་ཆོག་པའི་ྋསྙན་སེང་ཞུས་པར་བཀའ་འཁྲོལ་བཀའ་དྲིན་ཆེ་ཐོག་དབྱུགས་དབྱུངས་ བཀའ་སློབ་ཟབ་མོ་དང་འབྲེལ་མཐུན་སྦྱོར་དགོས་དངུལ་སྤྱི་རྒྱན་དུ་སོན་པ་དང་ཆབས་ཅིག ཕྱི་ནང་དུ་གནས་པའི་ རང་རིགས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པ་རྣམས་དང་ཆོས་སྲིད་ཀྱི་འབྲེལ་གྲོགས་སུ་གྱུར་པའི་མི་སྣ་ཁག་ནས་ ཞལ་འདེབས་ཕུལ་འབྱོར་བྱུང་ཁག་གསལ་བསྒྲགས་སྔོན་སོང་ལྟར་གྱི་ཐོག བཀའ་ཤག་ནས་ཁ་སྣོན་མཐུན་འགྱུར་ སྩལ་འོས་བསྩལ་བ་སོགས་གཞུང་འབངས་འཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་སྤྱི་འཐུས་ལྷན་ཁང་དང༌། རྒྱུན་ ལས་ཚོགས་ཁང་གཉིས་རྒྱ་ཆེ་གུ་ཡངས་ཐོག ལས་ཁུངས་སྡེ་ཚན་གཞན་དག་ཁང་མིག ༥ ཤོད་ཁང་ལས་ཤག་ ཁང་མིག ༣ དང༌། དོ་ཁང་གཅིག་བཅས་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་ ༥༨༢༨ ཡོད་པ་དེང་རབས་དང་ཡོངས་སུ་ལྡན་ པ་བསྲ་བརྟན་ཕུགས་འཕེར་ཞིག ༡༩༨༢ ཟླ་ ༨ པའི་ནང་གསར་བསྐྲུན་ལེགས་པར་ཟིན་ཏེ་འཛིན་ཆས་ས་གདན་ དང་བཅས་པ་གོ་སྒྲིག་ཆ་ཚང་བགྱིས་ནས་ ༨༢ ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་ དགེ་བའི་ཉིན་སྤྱི་འཐུས་ལྷན་ཁང་དང་བོད་གཞུང་རྒྱུན་ལས་ཚོགས་ཁང་ཆེན་མོའི་དབུ་འབྱེད་དུ་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གྲུབ་སྐྱབས་འཇུག་ཡོང་བའི་ྋསྙན་སེང་ཞུས་པར་བཀའ་བཞེས་ སྤྱི་རྒྱན་དུ་ཐོབ་རུང་སྐབས་དེར་གློ་བུར་མགུལ་འཆམས་སྟབས་ཀྱིས་ཞབས་སོར་འཁོད་ཐུབ་མ་སོང་ཞིང༌། དེ་ཉིན་ སྤྱི་འཐུས་ལྷན་ཁང་ཐོག་མའི་དབུ་འབྱེད་དང་འབྲེལ་ཨར་སྟོན་རྟེན་འབྲེལ་འབྱུང་མཚོན་ཆེད་སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་རང་གཞུང་བཀའ་ཤག་གིས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཡན་ལ་གསོལ་ཇ་བཞེས་འབྲས་འབུལ་ལམ་ ཞུས་པ་དང་ཆབས་ཅིག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་རྟེན་འབུལ་ དང༌། ཚོགས་གཙོ་བགྲེས་གཞོན་གཉིས་སུ་མཇལ་དར་སྒྲོན་བཞེས་གྲུབ་རྗེས་སྤྱི་འཐུས་ལྷན་ཁང་ནས་གོ་སྒྲིག་ཞུས་ ཏེ་རང་གཞུང་སྲི་ཞུའི་ལས་བྱེད་ཆེ་ཕྲ་བགྲེས་ཡོལ་དང་བཅས་པར་ཉིན་གུང་གསོལ་སྟོན་ལེགས་འབུལ་ཞུས་ཏེ་དེ་ ཉིན་མཛད་སྒོ་ལེགས་པར་གྲུབ།” ཞེས་གསལ་འདུག་པ་དང༌།
ཁ༽སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་གཟིམ་ཆུང་མཇལ་བཅར་སྐབས་སྤྱི་ འཐུས་ཡོངས་ལ་ལས་ཤག་དང༌། སྤྱི་འཐུས་ཚོགས་ཁང་རྒྱ་བསྐྱེད་གནང་འཆར་ཡོད་སྐོར་ཞུས་པར་རྒྱས་སྤྲོས་མེད་པ་དགོས་སྐོར་ཕེབས་པ།
ག༽དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བཤད་གནང་དོན་དུ། མ་འོངས་པར་ཐོག་བརྩེགས་གསུམ་ཙམ་རྒྱག་ དགོས་མཆིས་ཚེ་རྩིག་པའི་རྨང་གཞི་སྲ་བརྟན་མེད་པར་བརྟེན་རྒྱུན་ལས་ཚོགས་ཆུང་ནས་ཐག་གཅོད་གནང་སྐོར་བཀའ་གནང་སོང་ན།
- ཐོག་མར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དང་ལས་ཁུངས་གསར་བསྐྲུན་གནང་འཆར་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འཁྲོལ་དང་བཀའ་སློབ་ཕེབས་ཤིང་དཔལ་འབྱོར་མཐུན་སྦྱོར་ཡང་གསོལ་སྩལ་བྱུང་ཡོད་པ།
- གཞུང་གི་མཛོད་སྦུག་ནས་ཕྱག་གྲོན་གཙོ་བོར་བཏང་བ་མ་ཡིན་པར་བོད་མི་མང་ནས་ཞལ་འདེབས་རྒྱབ་སྐྱོར་བྱུང་བ།
- སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིེས་གཟིམ་ཆུང་མཇལ་བཅར་སྐབས་ལས་ཤག་དང་ཚོགས་ཁང་གསར་བསྐྲུན་གནང་འཆར་ཡོད་སྐོར་ཞུས་པར་རྒྱས་སྤྲོས་མི་དགོས་པ་བཀའ་ཕེབས་སྟབས་གནང་བ་མ་ཐོབ་པ།
- ཐོག་བརྩེགས་གསུམ་ཙམ་གསར་བསྐྲུན་ཞུ་བར་རྩིག་པའི་རྨང་གཞི་སྲ་བརྟན་མེད་གནས་བཀའ་ཕེབས་རུང༌། ཚོད་དཔག་ཚོགས་ཆུང་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱ་རྒྱུའི་ལས་དུས་མེད་པ།
- ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ལ་ཚོགས་ཁང་དང་ལས་ཁུངས་མེད་པའི་ཛ་དྲག་གི་དཀའ་ངལ་འཕྲད་གཞི་གང་ཡང་མི་འདུག་པ་དང༌། ལས་འཆར་གཞི་རྒྱ་ཆེ་ཞིང་གཞུང་གྲོན་ཆེན་པོ་དེ་རིགས་ཐོག་དངོས་འབྲེལ་དགོས་མཁོ་ཡོད་མེད་ལ་སོགས་ཞིབ་འཇུག་ནན་ཙམ་གནང་དགོས་པར་མཐོང་ན་འདི་ནས་ལས་འཆར་འདིར་རྒྱབ་གཉེར་ཞུ་ཐུབ་མ་སོང༌། གྲོས་ཚོགས་ནས་སྤྱི་མོས་མང་མོས་ཇི་བྱུང་ལ་གུས་བཀུར་ཞུ་རྒྱུ་ཡིན་ཀྱང༌། འཛུགས་བསྐྲུན་དེ་ལྟར་གནང་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གནང་བ་ཐོབ་པ་དང༌། དངོས་བདེན་རྨང་གཞི་སྲ་བརྟན་ཡོད་མེད་ཨར་ལས་འཆར་འགོད་ཁྱད་ལས་པ་ཞིག་ནས་ཞིབ་ཚགས་ཀྱིས་ཞིབ་འཇུག་གནང་དགོས།
༧༽ རྩིས་ལོ་འདིར་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་གཅོག་ཆ་ཞུས་པ་གཉིས་བསྡོམས་སྒོར་ ༢༥༠༠༠༣༠།༠༠ དང༌། སྤར་ཆ་ཞུས་པ་གཉིས་བསྡོམས་སྒོར་ ༧༠༥༢༠༠༠།༠༠ ཡོད།
༨༽ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༩ ཉིན་ཚོགས་དྲུང་ལས་ཁུངས་ནས་ཡིག་ཆུང་གནང་དོན་དུ། འཆར་འགོད་ལས་ ཁང་གི་ཟུར་བཀོལ་རྩོས་འགོའི་ནང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་སྔོན་རྩིས་ཞུ་འཚེམས་ གྱུར་པ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་སྤར་ཆ་དགོས་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་ བཀའ་བློན་ཁྲི་པ་མཆོག་བཀའ་མོལ་བྱུང་གནས་གསལ་དོན་ལྟར། འཆར་འགོད་ཀྱི་སྔོན་རྩིས་བཀའ་དྲུང་ཡིག་ཚང་ གི་ཟུར་བཀོལ་རྩིས་ཁོངས་ཡོད་པས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་གཞིར་ FNF ནས་རོགས་དངུལ་སྒོར་འབུམ་བདུན་ཅུ་བཀའ་འཁྲོལ་ཞུ་རྒྱུ་འཚེམས་ལུས་ཤོར་བ་ད་རིང་སྤར་ཆའི་གྲོས་འཆར་ ནང་ཡོད། གནས་ཚུལ་འདིའི་ཐད་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་ཉིན་རེའི་ལས་དོན་ལ་ཇི་ བཞིན་འགན་འཁུར་མེད་པའི་རྣམ་པ་གསལ་པོར་མངོན་པ་དང༌། བཀའ་དྲུང་ཡིག་ཚང་གི་རྩིས་འགོའི་ནང་རྩིས་ལོ་སྔ་མར་ཡོད་སྟབས་འབྲེལ་ཡོད་ལས་ཁང་ལ་དྲན་བསྐུལ་ཙམ་ཡང་མ་གནང་བ་ནི་ཡ་མཚན་དུ་མངོན།
༩༽ དེ་སྔ་ཡིན་ན་འཛིན་སྐྱོང་བཀའ་ཤག་ནས་རྩིས་ལོ་དེའི་ནང་ཡོང་འཆར་ཇི་ཡོད་དང༌། འགྲོ་འཆར་རྒྱབ་གཉེར་ གནང་བ་ཇི་ཡོད་གཉིས་ཀ་ཚོད་དཔག་ཚོགས་ཆུང་ལ་གནང་སྲོལ་ཡོད་ཀྱང༌། ལོ་གཉིས་ཙམ་ནས་གནང་སྲོལ་མེད་ པ་ཆགས་ཡོད་ཚོད་འདུག ཡོང་འཆར་དང་འགྲོ་འཆར་གཉིས་ཀ་ཡོད་ན། ཚོགས་དཔག་ཚོགས་ཆུང་ནས་སྤར་ གཅོག་ཞུས་རྗེས་མཐའ་མ་ཡོང་འཆར་དང་འགྲོ་འཆར་གཉིས་ཁ་འདུམ་ཡོད་མེད་བརྒྱ་ཆར་བསྐོར་སྲོལ་ཡོད་ཀྱང་ དེ་དོན་བྱུང་ཐུབ་མེད།
དྲུག་པ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ཁག་གི་སྔ་རྗེས་སྙན་ཐོར་མཇུག་གནོན་མ་བྱུང་བ།
༡༽ “ཚོད་དཔག་ཚོགས་ཆུང་སྔ་རྗེས་ཀྱི་སྙན་ཐོའི་ནང་རྩིས་བརྗོད་ཡིག་ཆ་ཁག་གི་ནང་ཡིག་ནོར་མང་དག་ཡོང་འདུག་པར་ ཐུགས་སྣང་གནང་དགོས་གཞེན་སྐུལ་རིམ་པར་ཞུས་འདུག་ཀྱང༌། ད་དུང་ཡང་ཡིག་ནོར་མང་དག་ཡོད་པའི་མཐོང་ ཚུལ་བྱུང་ན་འདིའི་ཐོག་ཐུགས་སྣང་ངེས་པར་གནང་དགོས་མཐོང་”ཞེས་སྔ་ལོའི་སྙན་ཐོར་གསལ་འདུག་རུང་དེར་འགྱུར་བ་གང་ཡང་ཐེབས་མི་འདུག
༢༽”སྔོན་རྩིས་ཚོད་དཔག་ཚོགས་ཆུང་རིམ་པའི་སྙན་ཐོའི་ནང་སྒྲིག་དོན་བཞིན་ལས་འབོར་ཉམས་ཞིབ་ཚོགས་ཆུང་བསྐོ་ འཛུགས་གནང་གལ་ཞེས་འཁོད་འདུག་ཀྱང༌། ད་བར་ཚོགས་དྲུང་ལས་ཁུངས་སུ་སྙན་ཐོ་འབྱོར་སོན་བྱུང་མི་འདུག་ པས་སྒྲིག་དོན་བཞིན་ལས་འབོར་ཉམས་ཞིབ་ཚོགས་ཆུང་ངེས་པར་འཛུགས་དགོས་གལ་ཆེར་མཐོང༌།” ཞེས་སྔ་ལོའི་སྙན་ཐོར་གསལ་འདུག་རུང་ད་ལྟའི་ཆར་ཡང་ཚོགས་དྲུང་ལས་ཁུངས་སུ་སྙན་ཐོ་འབྱོར་རིགས་བྱུང་མི་འདུག
བདུན་པ། མཇུག་བསྡོམས།
ང་ཚོའི་ལས་དོན་ཐོག་མཐུན་འགྱུར་གནང་མཁན་གཙོ་བོ་ཚོགས་དྲུང་མཆོག་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་྄རྣམ་པ། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་ལ་སོགས་པས་མཉམ་རུབ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༩ ལ་བཀའ་འབྲེལ་ལྟར་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་ལས་དོན་མཇུག་བསྒྲིལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཆོག་ལ་ལས་བསྡོམས་སྙན་ཐོ་རྩིས་སྤྲོད་ཞུས་པ་བཅས་ཀྱི་སྙན་ཐོ་སྙིང་བསྡུས་སོ།། །།
སྤྱི་འཐུས་པདྨ་འབྱུང་གནས། ཚོགས་གཙོ།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ཚོགས་དྲུང༌།
སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། ཚོགས་མི།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ཚོགས་མི།
སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས། ཚོགས་མི།