ཚོགས་དྲུང་ལས་ཁུངས་ཀྱི་དྲུང་གཞོན་བདེ་ཆེན་མཚོ་མོ་ལགས་བགྲེས་ཡོལ་སྔ་བསྣུར་ལ་ཕེབས་པར་ཚོགས་དྲུང་ལས་ཁུངས་ནས་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་བ།

༄༅། །ཚོགས་དྲུང་ལས་ཁུངས་ཀྱི་དྲུང་གཞོན་བདེ་ཆེན་མཚོ་མོ་ལགས་བགྲེས་ཡོལ་སྔ་བསྣུར་ལ་ཕེབས་པར། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེས་གཙོས་པའི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཐོག་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་ཞུས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བདེ་ཆེན་མཚོ་མོ་ལགས་ཀྱིས་ཐོག་མར་དཔལ་འབྱོར་ལས་ཁུངས་དང་། རིམ་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཕབ་ལེན་ཚན་པའི་འགན་འཛིན་བཅས་གནང་སྟེ། ད་བར་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུས་ནས་མི་ལོ་ཧྲིལ་པོ་ ༢༠ འཁོར་གྱི་ཡོད་པ་རེད། དེ་ཡིན་དུས་ཕབ་ལེན་ཚན་པའི་ནང་རང་འཁྲིའི་ལས་དོན་ཐོག་འགན་ཁུར་གནང་ཕྱོགས་དང་། ཕྱག་ལས་གནང་སྟངས་རྣམས་ལས་བྱེད་བྱིངས་ལ་མིག་དཔེར་འོས་པ་ཞིག་གནང་སོང་བསམ་གྱི་འདུག ད་རེས་དོ་བདག་ནས་ཞུས་དོན་བཞིན་བགྲེས་ཡོལ་སྔ་བསྣུར་ལ་ཕེབས་ཀྱི་ཡོད་པ་རེད།

ད་བར་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཧུར་ཐག་ཞུས་པ་དེ་བཞིན་ཆུད་ཟོས་ནམ་ཡང་ཕྱིན་མེད། ཡིན་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་བདེན་མཐའ་མ་གསལ་བར་ཚང་མར་ལས་འགན་ཞིག་རང་བཞིན་གྱི་ཡོད་དུས། རང་ཉིད་ས་གནས་གང་དུ་བཞུགས་ནའང་། ད་བར་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུས་རིང་ཉམས་མྱོང་གང་བསགས་པ་རྣམས་ཀྱི་ཐོག་ནས་བཞུགས་ཡུལ་ས་གནས་འདིའི་ནང་བོད་དོན་ལ་ཕན་ཐོགས་ཐུབ་པའི་ལས་འགན་མུ་མཐུད་འགྲུབ་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་གནང་སོང་།

དེ་རྗེས་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དྲུང་གཞོན་བདེ་ཆེན་མཚོ་མོ་ལགས་ནས་ཚོགས་དྲུང་ལས་ཁུངས་སུ་རང་འཁྲིའི་ལས་དོན་ཐོག་འགན་ཁུར་ཧ་ཅང་ཡག་པོ་གནང་སོང་ཞེས་བསྔགས་བརྗོད་ཞུས་གནང་སོང་།

དེ་ཡང་དྲུང་གཞོན་བདེ་ཆེན་མཚོ་མོ་ལགས་ནི། ཕྱི་ལོ་ ༢༠༠༣ ཟླ་ ༢ པའི་ཚེས་ ༦ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཚོད་ལྟའི་ལས་དོར་ལས་འགན་བཀོད་སྒྲིག་བསྩལ་བ་དང་། ཕྱི་ལོ་ ༢༠༠༣ ཟླ་ ༨ པའི་ཚེས་ ༢༦ ནས་ལས་བྱེད་ངོ་མར་བསྐོ་གཞག་དང་འབྲེལ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་ ༡༡ པའི་ཚེས་ ༣ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༧ ཟླ ༢ པའི་ཚེས་ ༡ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༩ ཟླ་ ༩ པའི་ཚེས་ ༡༢ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ཚེས་ ༡༠ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༡༨ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད་པ་བཅས། །