ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ལས་བྱམས་པ་དབྱངས་འཛོམས་ལགས་དང་ལས་དོ་ངག་དབང་དཔལ་མོ་ལགས་གཉིས་ལ་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་གནང་བ།

༄༅། །ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ལས་བྱམས་པ་དབྱངས་འཛོམས་ལགས་རྒས་ཡོལ་སྔ་སྣུར་དང་། ལས་དོ་ངག་དབང་དཔལ་མོ་ལགས་རྩ་དགོངས་ཞུས་གནང་བར། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༠ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱི་དྲོ་ཆུ་ཚོད་ ༦།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཆོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་རྣམ་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ཚང་འཛོམས་ཐོག་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད་པ་རེད།

དེ་ཡང་དྲུང་ལས་བྱམས་པ་དབྱངས་འཛོམས་ལགས་ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡ ནས་ཚོགས་དྲུང་ལས་ཁུངས་ཀྱི་རང་ཁོངས་ལས་བྱེད་ཐོག་འཛུལ་ཞུགས་གནང་བ་དང་།  ཕྱི་ལོ་ ༡༩༩༤ ཟླ་ ༡༢ ཚེས་ ༢༦ ནས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་རྒན་དྲུང་གནས་རིམ་ཐོག་འཕྲལ་སེལ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ཚེས་ ༣༠ ནས་ཚོགས་དྲུང་ལས་ཁུངས་ཀྱི་རྒན་དྲུང་ངོ་མར་བསྐོ་གཞག་གནང་འདུག  ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར་དང་།  ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡ ནས་ལས་ཁུངས་དོ་དམ་པའི་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡ ནས་སྡེ་འགན་གནས་རིམ་ཐོག་གནས་སྤར།  ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ནས་དྲུང་ལས་གནས་རིམ་ཐོག་གནས་སྤར་གནང་ཡོད། ཕྱོགས་མཚུངས་ལས་དོ་ངག་དབང་དཔལ་མོ་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༡ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡ ནས་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ནས་ལས་བྱེད་ངོ་མར་བསྐོ་གཞག་གནང་འདུག ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ནས་ཀུ་ལུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས་དང་།  ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས་གནང་འདུག

མདོར་ན་སྲི་ཞུའི་ལས་བྱེད་དྲུང་ལས་བྱམས་པ་དབྱངས་འཛོམས་ལགས་ཀྱིས་ལོ་ངོ་ ༢༢ ལྷག་རིང་ཚོགས་དྲུང་ལས་ཁུངས་ཀྱི་ལས་དོན་གང་ཕྱིར་འཐུས་ཤོར་མེད་པར་གྲུབ་གནང་ཡོད་པ་མ་ཟད། ལྷག་བསམ་རྣམ་དག་གིས་སྲི་ཞུའི་ལས་དོན་མཐའ་འཁྱོལ་གནང་སྟེ་ད་ཆ་ནང་མིའི་དཀའ་ངལ་གྱི་རྐྱེན་པས་རྒས་ཡོལ་སྔ་སྣུར་ཞུས་འཁྲོལ་བྱུང་ཡོད་པ་དང་།  སྲི་ཞུའི་ལས་བྱེད་ལས་དོ་ངག་དབང་དཔལ་མོ་ལགས་ཀྱིས་ལོ་ངོ་ ༣ ལྷག་རིང་བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་པར་ཚོགས་དྲུང་ལས་ཁུངས་སུ་ལོ་ ༡ ལྷག་རིང་རང་འཁྲིའི་ལས་དོན་ཐོག་ཞབས་ཕྱི་ཧུར་ཐག་ཞུས་གནང་ཡོད་པར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། ཚོགས་དྲུང་བཅས་ནས་སོ་སོར་ལེགས་སོའི་བསྔགས་བརྗོད་གནང་ཡོད་པ་བཅས། །