ཚོགས་དྲུང་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྲུབ་མཚམས་ཚོགས་དྲུང་གསར་པའི་ལས་འཁུར་འགོ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ རེེས་གཟའ་ཕུར་བུའི་ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་མཚམས་དྲུང་ཆེ་གསར་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་ཁུར་འགོ་འཛུགས་གནང་སོང་།

དེ་ཡང་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནས་བགྲེས་ཡོལ་དུ་ཕེབས་རྒྱུ་དང་། དཔལ་ལྡན་བཀའ་ཤག་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་གསར་དུ་བསྐོ་གཞག་གནང་བར་བརྟེན། དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ནས་འགོ་འཛུགས་ཀྱིས་སྤྲོད་དཔང་སྤྱི་འཐུས་རྒྱུན་ལས་གེ་བ་ཚང་ངག་དབང་ཐར་པ་མཆོག་དབུ་བཞུགས་ཐོག་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གནང་སྟེ།

རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཁག་ལེགས་པར་གྲུབ་གནང་རྗེས། ཚོགས་གཞོན་ལས་ཁུངས་སུ་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་དྲུང་གསར་པར་དགའ་བསུའི་འཚམས་འདྲི་དང་། ཚོགས་དྲུང་ཟུར་པར་དགའ་སྐྱེལ་བཅས་ཀྱི་མཇལ་དར་འབུལ་སྒྲོན་དང་། དེ་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་གསར་རྙིང་བཅས་ཚང་འཛོམས་ཐོག་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་རྒྱུན་ལས་ལྷན་ཚོགས་འཚོགས་གནང་ཡོད།

སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་གྲུབ་མཚམས། ཚོགས་དྲུང་རྙིང་པས་ཚོགས་དྲུང་གསར་པར་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཞབས་སྟེགས་རྩིས་སྤྲོད་གནང་ཡོད་པ་དང་། རིམ་པས་དྲུང་ཆེ་ལས་ཁུངས་སུ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཅས་ཀྱི་ཚོགས་མི་སྤྱི་འཐུས་རྣམ་པ། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ཚོགས་དྲུང་གསར་པར་དགའ་བསུའི་འཚམས་འདྲི་དང་། ཚོགས་དྲུང་ཟུར་པར་དགའ་སྐྱེལ་བཅས་ཀྱི་མཇལ་དར་ཕུལ་གནང་ཡོད།

ཚོགས་དྲུང་གསར་པ་ཚེ་དབང་དངོས་གྲུབ་ལགས་ནི། ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཤེས་བྱ་དུས་དེབ་བརྒྱུད་ལས་བྱེད་བདག་གཉེར་ཁང་ (ད་ལྟ་ལས་བྱེད་འདེམས་བསྐོ་ལྷན་ཁང་) ནས་རྩིས་པའི་ས་མིག་ཐོག་ལས་བྱེད་གསར་འདེམས་གསལ་བསྒྲགས་གནང་དོན་ལྟར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༨ ཟླ་ ༧ ནས་ ༡༢ བར་ཟླ་དྲུག་རིང་རྩིས་ཀྱི་ཟབ་སྦྱོང་གོ་སྐབས་ཐོབ། ཟབ་སྦྱོང་རྗེས་སླར་ཡང་འདེམས་རྒྱུགས་ཀྱིས་འདེམས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་གནང་།

དེ་ནས་བཟུང་ད་བར་ཞབས་ལོ་སུམ་ཅུ་ཙམ་རིང་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། རྡ་ས་བདེ་དོན་ལས་ཁུངས་(ད་ལྟ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས།) ཀྱི་ལས་དྲུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཤེས་རིག་ལས་ཁུངས་ཀྱི་རྩིས་ཁང་འགན་འཛིན། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན། ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་བཅས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་ཡོད།

ཚོགས་དྲུང་ཟུར་པ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཁྱོན་མི་ལོ་ ༤༠ ལྷག་རིང་ཁོང་རང་གི་གཞོན་ནུའི་ལང་ཚོ་ནུས་སྟོབས་བཟང་ཤོས་གནས་སྐབས་བོད་མིའི་གནས་སྟངས་དཀའ་དང་གཉན་འཕྲང་གི་དུས་སྐབས་སུ་གཞུང་མང་གི་ཞབས་འདེགས་སུ་གཞོན་དྲུང་གནས་རིམ་ནས་ཐེག་པ་རིམ་འཛེགས་ཀྱིས་དབུས་ས་གཉིས་སུ་རང་གི་ཤེས་འཇོན་མྱོང་བ་ལ་གཞིགས་པས་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས། འདས་པའི་ཞབས་ལོ་ ༤༠ ནང་ནས་ལོ་ངོ་ ༢༢ ལྷག་ཕྱོགས་མཐའི་དཀའ་ཚེགས་ཅན་གྱི་ས་གནས་ལ་དྭགས་བྱང་ཐང་དང་། མེའོ་ཆོས་འཕེལ་གླིང་། ར་ཝང་ལ་ཀུན་ཕན་གླིང་། དེ་བཞིན་མན་སྤར་ཕན་བདེ་གླིང་དང་། སྦན་ད་ར་ནོར་རྒྱས་གླིང་ལ་ཐེངས་གཉིས་རེ། ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ཁྱོན་ས་ཁག་བདུན་ནང་མཛུབ་མོ་གར་བསྟན་གྱི་དཔེ་ལྟར་ཤར་བསྐྱོད་ཀྱིས་ལས་གནས་འདྲ་མིན་ཐོག་ལས་ཞབས་ཞུས། མདོར་ན་དབུས་སའི་ལས་ཁུངས་གང་སར་ཁྱོན་མི་ལོ་ ༤༠ ལྷག་གཙོ་བོ་༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་། རང་གཞུང་གི་མཛད་བྱུས་ལྟར་གཞུང་མང་གི་ལས་དོན་ཆེ་ཕྲ་མཐའ་དག་རང་ནུས་གང་ལྕོགས་ངོ་ལྐོག་གཡོ་ཟོལ་མེད་པར་རྒྱུ་འབྲས་དཔང་འཕེར་ཐོག་ལྷག་བརྩོན་ཆེ་བསྐྱེད་ནུས་པ་ཐོན་པ་ཞུས་གནང་ཡོད་པ་བཅས། །