ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་དབུས་པའི་བཀའ་བློན་རྣམ་པ་ཚོ་དང༌། དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ། དེ་བཞིན་དེ་རིང་ཚོགས་ཁང་འདིའི་ནང་ལ་ཆིབས་སྒྱུར་བསྐྱངས་པའི་བདམས་ཐོན་བཀའ་བློན་ཁྲི་པ་མཆོག་དང༌། བདམས་ཐོན་སྤྱི་འཐུས་ཁག་ཅིག་ཕེབས་འདུག་པ་ཚང་མར་ཚོགས་གཙོའི་ངོས་ནས་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་ལ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཁྱེན་གསལ་ལྟར་གྲོས་ཚོགས་འཕར་མ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་གྲོས་ཆོད་བཞག་གནང་བའི་དགོངས་དོན་གཞིར་བཟུང་གིས་འཚོགས་ཀྱི་ཡོད་པ་དང༌། ཚོགས་དུས་འཕར་མ་ཚོགས་པའི་དགོས་དམིགས་དེའང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་ྋགསུང་འཕྲིན་རིན་པོ་ཆེ་ཕེབས་པ་གཞིར་བཟུང་ཐོག གྲོས་ཚོགས་ནང་ལ་བགྲོ་གླེང་རིམ་པ་བྱུང་བ་དང༌། ཐག་གཅོད་རིམ་པ་བྱུང་བ་དེ་དག་གཞིར་བཟུང་ནས་ད་རཻས་ཚེས་ ༢༡ ནས་ ༢༤ བར་ཉིན་བཞིའི་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ་དང༌། ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་བཅས་དེ་ཚོ་ཚང་མ་ལས་རིམ་ཞིག་མཇུག་བསྒྲིལ་ཟིན་པ་རེད། ད་ལྟའི་གནས་སྐབས་སུ་གསུང་འཕྲིན་དང་འབྲེལ་བ་ཡོད་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་ལས་རིམ་དེའི་སྒང་ལ་སླེབ་ཡོང་གིན་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པར་བསྐུར་བའི་ལས་འགན་ཁག་ཅིག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པའི་ཐོག་ནས་ལས་རིམ་ཚང་མའི་འདོད་པ་ཁེངས་པ་ཞིག་དང༌། གྲུབ་འབྲས་ཀྱང་གཟི་བརྗིད་དང་ལྡན་པ། ལོ་རྒྱུས་དང་ལྡན་པ་ཞིག་ཐོན་ཡོད་པ་དེ་ང་ཚོ་ཚང་མས་ཤེས་ཀྱིན་ཡོད་པ་རེད། དེ་ནི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྐུར་བའི་ལས་འགན་གྱི་ཆ་ཤས་ཤིག་བསྒྲུབས་ཟིན་པ་ལ་ངོས་འཛིན་ཞུས་པ་ཡིན་ན། འགྲིག་གི་ཡོད་པ་རེད་བསམ་བཞིན་ཡོད། ཚོགས་གཙོའི་ངོས་ནས་ཚོགས་བཅར་བ་དང༌། དེ་བཞིན་བཀའ་ཤག སྤྱི་འཐུས་རྣམ་པ། ལས་བྱེད་ཚོ་ཚང་མས་མཐུན་འགྱུར་གནང་བཞག་པ་སོགས་ལ་བསྐྱར་དུ་གྲོས་ཚོགས་འདིའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང༌། དེ་རིང་དབུ་འབྱེད་གཏམ་བཤད་རིང་པོ་ཞིག་མ་དགོས་ན་བསམ་བྱུང༌། ད་ལྟའི་གྲོས་ཚོགས་སྐབས་བཅུ་བཞི་པའི་ལས་ཉིན་དེ་རིང་ནས་བརྩིས་པའི་ལས་ཉིན་བཞི་མ་གཏོགས་ལྷག་ཡོད་པ་མ་རེད། ལས་ཉིན་བཞིའི་རིང་ལ་ལས་དོན་ཇི་ལྟར་སྒྲུབ་དགོས་ཀྱི་ཡོད་མེད་ཀྱི་གནས་སྟངས་ཕལ་ཆེར་དེ་རིང་ཕྱི་དྲོར་གསལ་པོ་ཆགས་ཐུབ་པ་ཞིག་ཡོང་གི་རེད། དེ་ཡིན་དུས་གལ་སྲིད་དེ་རིང་སྐབས་བཅུ་བཞི་པའི་གྲོས་ཚོགས་འདི་རང་གིས་ཐོག་གཏན་འབེབས་བྱེད་དགོས་པ་དང༌། གྲོས་ཆོད་དགོངས་དོན་འགྲོ་རྒྱུ་ཡོད་པ་གཞིར་བཟུང་གི་གནས་སྟངས་ཤིག་ཏུ་གྱུར་པ་ཡིན་ན། མང་ཚོགས་ཀྱི་བསམ་ཚུལ་གང་བྱུང་བ་དེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྟེང་ལ་སྤུངས་ཡོད་པར་སོང༌། མང་ཚོགས་ཀྱི་མངོན་འདོད་དང་རེ་བ་གཞིར་འཛིན་དགོས་པ་དང༌། ལྷག་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་གཞི་གང་ཡོད་པ་དེ་གཞིར་བཟུང་སྒྲུབ་ཐུབ་པ་རང་གི་ཐོག་ལ་རེ་བ་ཞུ་རྒྱུ་རེད། གལ་སྲིད་སྐབས་བཅུ་བཞི་པར་གཏན་འབེབས་བྱེད་མི་དནང་བཞིན་བྱས་ནས་འགྲོ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།  ཚོགས་ཆེན་ནས་གྲོས་ཆོད་དང་པོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་དབུ་ཁྲིད་ཀྱི་མཛད་འགན་མུ་མཐུད་ནས་བཞེས་དགོས་ཀྱི་འདུག་ཅེས་སྤྱི་མོས་གྲོས་ཆོད་ཡོད་པ་ནང་བཞིན་སྙན་སེང་ཞུས་པ་རེད། གྲོས་ཆོད་ཀྱི་ནང་དོན་སྙན་སེང་ཞུས་པའི་སྐབས་སུ་རྩ་བ་ཉིད་ནས་ཡོང་གི་མ་རེད་ཅེས་བཀའ་གནང་སོང༌། དེ་བཞིན་ཁ་སང་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་དེ་རྩ་བ་ཉིད་ནས་ཡོང་གི་མ་རེད་ཅེས་བཀའ་གནང་བ་ནང་བཞིན་ཞལ་བཞེས་མ་ཐོབ་པ་རེད། ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྔོན་མ་ནས་གང་ཡོད་པ་དེ་དག་ང་ཚོས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོས་གང་ཞུས་པ་དེ་ཡང་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་མངོན་འདོད་ནང་བཞིན་ཞུས་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན་ན་འགྲིག་གི་རེད་བསམ་གྱི་འདུག དེ་མིན་པའི་བཅའ་ཁྲིམས་ནང་ལ་སྔོན་གླེང་གསར་དུ་འཇུག་རྒྱུ་དང༌། དོན་ཚན་དང་པོ་གསར་དུ་འཇུག་རྒྱུའི་ཐོག་ལ། སྔོན་གླེང་ལ་ཞལ་བཞེས་གནང་པ་རང་ལ་ངོས་འཛིན་ཞུས་ན་འགྲིག་གི་རེད། ཐ་སྙད་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་སྐུ་མདུན་གྱིས་ཁ་སང་བཀའ་གསལ་པོ་ཞིག་ཕེབས་ཡོད་པ་རེད། དེ་ཚོ་ཚང་མ་ང་ཚོའི་དགོངས་པར་འཆང་དགོས་ཀྱི་རེད། དོན་ཚན་དང་པོའི་ནང་གསེས་དང་པོ་དང་གཉིས་པ་གཉིས་ཀར་ྋརྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་ཡོད་པ་རེད། གསུམ་པའི་སྐོར་ལ་ྋརྒྱལ་བ་རིན་པོ་ཆེས་འགྲེལ་བཤད་བསྐྱོན་གནང་ཡོད་པ་རེད། ཡིན་ནའང་ད་དུང་ང་ཚོས་ཏོག་ཙམ་གསལ་པོ་བཟོ་དགོས་པ་ཆགས་ཀྱི་འདུག དེ་ཚོ་ཚང་མ་གནད་འགག་ཆེན་པོ་རེད། ལྷག་པར་དུ་ད་ལྟ་བོད་སྤྱི་ཡོངས་ལ་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བསྡད་ཡོད་པ་དང༌། ཡང་སྒོས་ཀིརྟི་དགོན་པའི་ཛ་དྲག་གནས་སྟངས་ཟླ་བ་འགའ་ཤས་ཤིག་འགྲོ་གི་ཡོད་ཀྱང༌། ད་དུང་ཡིན་ནའང་བཟང་ཕྱོགས་ཀྱི་རྣམ་པ་ཤུགས་ཆེ་ཞིག་མེད་པར་ཛ་དྲག་གི་རྣམ་པ་རང་མུས་སུ་གནས་བསྡད་ཡོད་པ་རེད། དེ་ཡིན་དུས་བོད་ནང་ལ་ཡོད་པའི་བོད་མི་ཚོའི་ངོས་ནས་སེམས་ཁྲེལ་བྱེད་དགོས་ཀྱི་མི་འདུག ྋརྒྱལ་བ་རིན་པོ་ཆེས་དེའི་སྔོན་ལ་བཀའ་སློབ་གནང་པའི་ནང༌། བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྤྱིའི་འགན་དེ་མུ་མཐུད་ནས་བཞེས་རྒྱུ་ཡིན་ཞེས་ཞལ་བཞེས་བཟང་པོ་ཡོད་པ་རེད། དེ་བཞིན་ང་ཚོ་འདིར་བཙན་བྱོལ་ནང་ལ་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་འཕོ་ལེན་བྱ་རྒྱུའི་མཚམས་ལ་སླེབས་ཀྱིན་ཡོད་པ་རེད། སྤྱི་འཐུས་ཡིན་ནའང་སྐབས་བཅུ་བཞི་དང་བཅོ་ལྔ་འཕོ་ལེན་བྱ་རྒྱུའི་མཚམས་དང༌། བཀའ་ཤག་ཡིན་ནའང་ཟླ་བ་གཉིས་ལྷག་ཙམ་གྱི་ནང་ལ་འཕོ་ལེན་བྱ་རྒྱུའི་མཚམས་ལ་སླེབས་ཀྱིན་ཡོད། ང་ཚོས་རང་དབང་ལུང་པའི་ནང་མང་གཙོའི་འགྲོ་ལུགས་དང་མཐུན་པའི་འོས་འདེམས་བྱས་ནས་སླེབས་པའི་མི་མང་གི་དབུ་ཁྲིད་རྣམ་པས་བོད་གཞིས་བྱེས་གཉིས་ཀྱི་རེ་བ་སྐོང་ཐུབ་པ་ཞིག ཚང་མས་འབད་བརྩོན་ཧུར་བསྐྱེད་དང་ནུས་པ་གཅིག་སྒྲིལ་གྱི་ཐོག་ནས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ། བོད་མི་ཚང་མས་མཁྱེན་པ་བྱེད་དགོས་པ་དང༌། དེ་བཞིན་འཕོ་འགྱུར་གང་ཞིག་འགྲོ་གི་ཡོད་ནའང་འཕོ་འགྱུར་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་ནུས་པ་ཉམས་པ་དང༌། གཅིག་སྒྲིལ་གྱི་ནུས་པ་འཐོར་རྒྱུའི་རྐྱེན་དུ་མི་འགྲོ་བའི་ཐོག་ནས། ད་ལྟའི་འགྱུར་མཚམས་རླབས་པོ་ཆེའི་དུས་ཚོད་འདིའི་སྐབས་སུ་སྔར་བཞིན་ང་ཚོ་ཚང་མའི་ནུས་པ་གཅིག་ཏུ་སྤུངས་ནས། མུ་མཐུད་དུ་གཅིག་སྒྲིལ་གྱི་ནུས་པ་དང་ཕྱོགས་གང་ཐད་ནས་རྒྱ་ཇེ་ཆེ་དང་གོང་འཕེལ་གཏོང་བ་ལ། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་འགན་ཁུར་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད་པ་རེད་ཅེས་དེ་རིང་ཚོགས་གཙོས་དེ་ཙམ་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ་གནང༌།

Menu