ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་ལྷན་རྒྱས་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ལྷན་རྒྱས་ཚང་མ་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ལ་སྐུ་ཁམས་བདེ་པོའི་ངང་ནས་ཚང་འཛོམས་ཐུབ་པ་འདི་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།

དེ་རིང་གི་གྲོས་ཚོགས་འདིའི་མཛད་རིམ་སྐོར་འགྲེལ་བཤད་ཞུས་པ་ཡིན་ན་ཕལ་ཆེར་འདིའི་ནང་ཆ་ཚང་ཚང་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད། མཛད་རིམ་གྱི་ནང་ནས་ཐོག་མར་དེ་ད་ལྟའི་བར་དུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༥༡ དང་འདས་གྲོངས་སུ་ཕྱིན་པ་ ༤༡ བྱུང་ཡོད། གནས་སྟངས་འགའ་ཤས་ཤིག་ད་ལྟ་གསལ་པོ་མ་ཆགས་པས་འགོད་མ་ཐུབ་པ་དེ་འདྲ་ཡང་ཡོད་རེད། དེས་རྐྱེན་པའི་བོད་ནང་གི་ད་ལྟའི་གནས་སྟངས་གང་འདྲ་ཆགས་བསྡད་ཡོད་མེད། རང་ལུས་མེར་བསྲེགས་གནང་མཁན་ཙམ་མ་ཡིན་པར་ཁོང་རྣམ་པའི་ནང་མི་དང། ཁོང་རྣམ་པ་བཞུགས་སའི་ས་གནས་མི་མང་ཚང་མའི་གནས་སྟངས་དཀའ་ངལ་ཆེན་པོའི་སྒང་ལ་ལྷག་བསྡད་ཡོད་རེད། ལྷག་པར་དུ་རྒྱ་ནག་གི་ངོས་ནས་གདོང་ལེན་བྱེད་སྟངས་དེ་གཉའ་གནོན་བཤུ་གཞོག་རང་མ་གཏོགས་བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་ག་རེ་ཡོད་པ་དང་། མི་མང་གིས་སོ་སོའི་གཅེས་པའི་སྲོག་ཡན་ཆད་དོར་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་དེ་ག་རེ་བྱས་ནས་ཡོང་གི་ཡོད་མེད་ཀྱི་རྒྱུ་རྐྱེན་བརྩད་ཞིབ་བྱ་རྒྱུའི་ཐབས་ཤེས་མ་བྱས་པར། ད་དུང་གནས་སྟངས་སྡུག་པའི་སྒང་ལ་སྡུག་ཏུ་བཏང་ནས་དམག་མི་མང་དུ་བཏང་བ་དང་སྲིད་བྱུས་དམ་དྲག་གཏོང་བ་སོགས་ཀྱི་གནས་སྟངས་ཤིག་ཡོང་བསྡད་ཀྱི་འདུག དེར་བརྟེན་བོད་ནང་ལོགས་ཀྱི་དཀའ་ངལ་གྱི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་འཁྱེར་ཡོད་ལ།

འདས་པའི་ཟླ་དྲུག་ནང་ལོགས་ལ་སྐུ་ཚེ་གང་པོ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་བའི་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་འདས་གྲོངས་སུ་གྱུར་པ་དང་། དེ་བཞིན་དུ་སྤྱི་ཟུར་ཉི་བཟང་ལགས་འདས་གྲོངས་སུ་གྱུར་པས་ཁོང་རྣམ་པ་གཉིས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་འདོན་རྒྱུ།

དེ་རིང་ཉིན་དང་པོ་ཆ་ཚང་བོད་ནང་ལོགས་ལ་རྒྱ་ནག་གིས་སྲིད་བྱུས་ག་རེ་འཛིན་གྱི་ཡོད་མེད་དང། བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་སྐོར་གལ་ཆེན་ཡིན་པས་དམིགས་བསལ་གྱིས་ཉིན་དང་པོར་བཞག་ཡོད། དེའི་ཐོག་འཛིན་སྐྱོང་བཀའ་ཤག་དང་བཀུར་འོས་སྤྱི་འཐུས་རྣམས་ཀྱིས་ཉིན་གང་རིང་བགྲོ་གླེང་གནང་རྒྱུ་རེད། གལ་ཆེན་པོ་ཡིན་པ་སོང་ཙང་ཉིན་དང་པོ་ལ་བཞག་ཡོད་ལ་ཛ་དྲག་གི་གནས་སྟངས་ཡིན་པར་བརྟེན་དམིགས་བསལ་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡང་བང་བསྒྲིགས་ཡོད། དེ་ག་ནང་བཞིན་གྱི་ད་ལྟ་བར་དུ་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དང་། དེ་བཞིན་འཛིན་སྐྱོང་གི་ལས་བྱེད་རྣམ་པ། སྤྱི་འཐུས་ཚོགས་གཙོས་དབུས་པའི་སྤྱི་འཐུས་རྣམ་པ་ཚང་མས་ལས་འགུལ་རབས་དང་རིམ་པ་ཞིག་སྤེལ་ཡོད་ཀྱང་ད་དུང་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་ཞིག་རང་བཞིན་གྱིས་ཆགས་བསྡད་ཡོད། བོད་ནང་ལ་རང་ལུས་མེར་བསྲེགས་གཏོང་མཁན་འདི་དག་བྱུང་བའི་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་ནས་སྤྱིར་བཏང་རྒྱབ་སྐྱོར་གནང་མཁན་དང་། གདུང་སེམས་མཉམ་སྐྱེད་གནང་མཁན། བོད་པར་ཤ་ཚ་གནང་མཁན་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་ད་ལྟའི་བོད་ནང་གི་གནས་སྟངས་དང་མཐུན་པའི་འདོད་པ་གང་བ་ཞིག་དང། གནད་ལ་འཁེལ་བ་ཞིག་བྱུང་མ་སོང་སྙམ་གྱི་ཡོད། རྒྱ་ནག་གཞུང་གི་ངོས་ནས་ཡིན་ནའང་འགོ་འཁྲིད་བརྗེ་པོ་བརྒྱབ་རྒྱུའི་མཚམས་སུ་སླེབས་ཤིང་། ད་ལྟ་བོད་ནང་ཞི་བདེ་ལྷིང་འཇགས་ཀྱི་སྲིད་བྱུས་འདི་འདྲ་ཞིག་འདུག་ཨང་སྙམ་པའི་ཚོར་བ་ཡོང་གི་མི་འདུག དེར་བརྟེན་ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་བ་དང་། ལྷག་པར་དུ་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ལས་འགུལ་སྤེལ་བའི་ཞིབ་གནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་སླེབས་ཐུབ་པ་བྱ་རྒྱུ། བོད་པའི་འཐབ་རྩོད་འདི་དག་ཐབས་ལམ་གང་འདྲ་ཞིག་གི་ཐོག་ཏུ་རྩོད་བཞིན་ཡོད་པ་རྒྱ་ནག་གི་འགོ་འཁྲིད་ཚོ་དང་ལྷན་དུ་བཀའ་མོལ་ཞུས་ནས་བོད་པའི་དཀའ་ངལ་སེལ་དགོས་པ་ནི་རྣམ་པ་ཚོས་མཁྱེན་པ་བཞིན། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུས་ནས་དུས་སུ་ང་ཚོའི་འཐབ་རྩོད་ལ་རོགས་རམ་དང་རྒྱབ་སྐྱོར་མེད་པ་ཡིན་ན། རྒྱ་ནག་གཞུང་རང་གི་ངོས་ནས་ང་ཚོའི་འཐབ་རྩོད་ཀྱི་དཀའ་ངལ་བསལ་རྒྱུའི་འདོད་པ་མེད་པ་ང་ཚོས་ཤེས་གསལ་ལྟར་རེད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གིས་ལས་འགུལ་སྤེལ་བ་དེ་དག་ལ་བསྔགས་བརྗོད་དང་སྦྲགས། ད་ལྟ་འདིར་ང་ཚོ་གྲོས་ཚོགས་ཚོགས་བཞིན་པའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་ནས། བདེན་པའི་མེ་ལྕེའི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད། ད་ལྟའི་བར་དུ་ཡག་པོ་བྱུང་སོང་། ད་ལྟ་འགྲོ་བཞིན་པའི་ལས་རིམ་འདིའི་ཐོག་ལ་ཡང་། དཔེར་ན་ང་ཉེ་ཆར་ཡུ་རོབ་ཏུ་ཕྱིན་པའི་སྐབས་སུ་ཡུ་རོབ་ནང་གི་བོད་མིའི་གནས་ཡུལ་ཁག་དང་། བྱང་ཨ་མི་རི་ཀའི་ནང་གི་བོད་མིའི་གནས་ཡུལ་ཁག། ལྷོ་ཨ་ཕཱི་རི་ཀའི་ནང་དུ་བོད་མིའི་གནས་ཡུལ་བཅས་ཚང་མའི་ནང་དུ་བདེན་པའི་མེ་ལྕེའི་ལས་འགུལ་འགྲོ་བཞིན་པ་ཚང་མས་ཐུགས་ཁུར་བཞེས་ཀྱི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་གུལ་འདི་བཞིན་ད་ལྟ་འགྲོ་བཞིན་པ་ཡིན་པས། ད་དུང་མུ་མཐུད་ནས་མཐུན་འགྱུར་རོགས་རམ་དང་། མཉམ་རུབ་ཀྱི་ནུས་པ་གཅིག་ཏུ་སྤུངས་རྒྱུ་གལ་ཆེན་པོ་རེད།

དེ་རིང་ཕྱི་ཟླ་དགུ་པའི་ནང་འཚོགས་རྒྱུའི་གྲོས་ཚོགས་འདིའི་ནང་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཕྱག་ལས་ག་རེ་ག་རེ་གནང་ཡོད་མེད་ཀྱི་ལས་བསྡོམས་འདི་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་དང་། ལས་བསྡོམས་རྒྱས་པ་དེ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཡོད་པ་བཞིན་ཞིབ་འཇུག་གནང་བའི་སྙན་ཐོ་རྗེས་སུ་གྲོས་ཚོགས་འདིའི་ནང་ལ་སླེབས་ཀྱི་རེད། འདས་པའི་ལོ་གཅིག་རིང་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མི་མང་ནང་ལ་བསམ་ཚུལ་ཡོད་པ། ང་ཚོ་སྤྱི་འཐུས་ནང་ལའང་དྭོགས་པ་དང་། དེའི་སྐོར་ལ་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་ན། དྭོགས་གཞི་འདི་དག་བསལ་རྒྱུའི་ཆེད་དུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེའི་ཐོག་ལ་གསལ་བཤད་གཅིག་ཕེབས་རྒྱུ་རེད། དེ་ལ་དགོངས་ཚུལ་གསུང་རྒྱུ་དང་། དྭོགས་འདྲི་ཞུ་རྒྱུ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལན་འདེབས་བཅས་ཉིན་མཐའ་མའི་ནང་ལོགས་ལ་སླེབས་རྒྱུ་རེད། དེ་དག་བང་བསྒྲིགས་ནས་ཡོང་གི་རེད།

ཡང་ཁྲིམས་བཟོའི་ལས་དོན་ཁག་ཅིག་དང་། ཁྲིམས་ཡིག་དང་སྒྲིག་གཞི་བསྐྱར་བཅོས་གནང་རྒྱུ་ཡོད་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའམ། གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་ཆེད་འཛུགས་གནང་བའི་ཚོགས་ཆུང་གིས་ཁྲིམས་ལུགས་དང་འབྲེལ་བའི་སྙན་ཐོ་གཉིས་དེ་རིང་གྲོས་ཚོགས་འདིའི་ནང་སླེབས་རྒྱུ་དང་། སྙན་ཐོ་དེ་དག་དང་འབྲེལ་བའི་ཁྲིམས་བཟོའི་ལས་དོན་ཁག་གཅིག་ཡོང་སྲིད་པ་རེད། དེ་རིང་གི་གྲོས་ཚོགས་འདིའི་ནང་གལ་ཆེ་བ་གཅིག་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་སྙན་ཐོ་ནང་གསལ་དོན་གནད་ཁག་མཇུག་སྐྱོང་ལག་བསྟར་གང་འདྲ་གནང་ཡོད་མེད་སྙན་ཐོ་འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་ནང་བསྣམ་ཕེབས་རྒྱུ་རེད། དེ་ནས་གཙང་མ་བཟོ་དགོས་པ་དེ་གཙང་མ་བཟོ་ཐུབ་པ་ཡིན་ན། ང་ཚོའི་ལས་འགན་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད། རྩ་བའི་རྩིས་ཞིབ་སྙན་ཐོའི་ནང་ལོ་ནས་ལོ་བསྟུད་དེ་གྲུབ་འབྲས་ལེགས་པོ་མ་བྱུང་བ་དང་། རྩིས་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཡོད་བསྡད་པ་རེད། ཁ་ཤས་ཤིག་ལོ་ནས་ལོ་བསྟུད་དེ་དྭོགས་པ་མང་པོ་ཞིག་ཁྱེར་ཡོང་དུས། འཛིན་སྐྱོང་གི་ལས་བྱེད་ཀྱི་ངོས་ནས་དུས་ཚོད་མང་པོ་གཏོང་དགོས་པ། འགྲོ་སོང་ཡང་ཤིན་ཏུ་ཆེ་བས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་སྙན་ཐོ་འདི་ལ་མཇུག་སྐྱོང་ལག་བསྟར་གང་དང་གང་གནང་ཡོད་མེད་སྐོར་ལ་གྲོས་ཚོགས་ནང་ཐག་ཆོད་གང་གཅོད་ཐུབ་པ་དེ་ཐག་ཆོད་གནང་རྒྱུ་གལ་ཆེན་པོ་རེད་ཞུ་རྒྱུ་དང་། སྤྱི་འཐུས་རྣམ་པ་ཚོས་ཐུགས་ཁུར་ཆེ་བཞེས་ཀྱིས་དྲི་བ་ཡང་མང་པོ་འབྱོར་འདུག དྲི་བ་སླེབས་རྒྱུ་ཡང་ཕྱིས་པའི་རྐྱེན་གྱིས་གྲོས་ཚོགས་ཉིན་ལྔ་པའི་རྗེས་ལ་མ་གཏོགས་དྲི་བ་གཏང་ཐུབ་ཀྱི་མི་འདུག དེ་བཞིན་དུ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་མང་བ་དང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་མང་པོ་ཞིག་ཡོང་རྒྱུ་བསྡད་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་འདི་ཉིན་བརྒྱད་རིང་མ་གཏོགས་ཚོགས་ཀྱི་མེད་སྟབས། དུས་ཚོད་ལ་སོ་སོའི་ངོས་ནས་སྟངས་འཛིན་གནང་ཐུབ་པ་ཡིན་ན། ཚོགས་གཙོའི་ངོས་ནས་དེ་ལ་སྟངས་འཛིན་གནང་མི་དགོས་པར་དགོངས་འཆར་ལྷུག་པོ་གནང་རྒྱུའི་གོ་སྐབས་ཡོད་རེད། དེ་ཡིན་དུས་གནད་དོན་གང་གི་ཐོག་ཡིན་ནའང་རེད། དགོངས་ཚུལ་ག་རེ་གསུངས་པ་ཡིན་ནའང་དེ་ཚོ་ལ་དགོངས་པ་བཞེས་རྒྱུ་དང་དགོངས་ཚུལ་ག་རེ་གསུང་པ་ཡིན་ནའང་དོན་དང་ལྡན་པ་ཞིག་གསུངས་པ་ཡིན་ན་ཐུགས་ཕན་སོས་པ་ཞིག་འབྱུང་གི་རེད་ཞུ་རྒྱུ་ཡིན།

བར་ལམ་ང་ཚོའི་སྤྱི་ཚོགས་ནང་ལ་གནས་ཚུལ་འབྱུང་སྟངས་དེ་ཚོ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཞིག་ཆགས་ཏེ། ང་རང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་འཁུར་སྡོད་མཁན་ཞིག་ལ་ཆ་མཚོན་ན། དེ་སྔོན་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་པའི་གནས་ཚུལ་མ་བྱུང་བའི་སྔོན་ལ་འགན་ཁུར་ནས་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་འབྱུང་གཞི་དེ་ཚོ་ལ་གདོང་ལེན་བྱས་ཡོད། ལྷག་པར་དུ་ང་ཚོ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཆ་ནས་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་ལ་འགན་ཡོད་རེད། དེ་སྔོན་འགྲོ་སྟངས་ལྟར་ན་༸རྒྱལ་བ་རིན་པོ་ཆེ་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་། གཞུང་གི་འགན་འཛིན་གཉིས་ཀ་གནང་བའི་སྐབས་ལ་བཀའ་རྩ་ཁྱབ་བསྒྲགས་གནང་བའི་ལམ་སྲོལ་ཡོད་རེད། བཀའ་རྩ་ཁྱབ་བསྒྲགས་གྲོས་ཚོགས་ཀྱིས་ངོས་ལེན་མ་བྱས་པར་ཕྱིར་སློག་བྱས་པ་ཡང་བྱུང་ཡོད་རེད། སྒྲིག་གཞི་ནང་གཏན་འབེབས་བྱེད་མ་ཐུབ་པ་དང་། ཁྲིམས་ཐོག་གཏན་འབེབས་བྱེད་མ་ཐུབ་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། ཡིན་ནའང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་ཚོགས་ཆེན་དང་། རྒྱལ་ཡོངས་ཚོགས་ཆེན། ལྷག་པར་དུ་སྐུ་དབང་རྩིས་སྤྲོད་དང་འབྲེལ་བའི་གནས་ཚུལ་དེའི་ཐོག མང་ཚོགས་ནང་ནས་མི་ཁ་བདེ་པོ་རེ་གཉིས་ཀྱིས་སོ་སོས་བྱེད་དགོས་རྒྱུ་དེ་ཏག་ཏག་མ་བྱས་པར་སྤྱི་ཚོགས་ནང་དུ་དཀྲུག་ཤིང་རྒྱག་པ། རྒྱུ་མཚན་མེད་པའི་བཀའ་མོལ་གསུངས་པ་སོགས་དེ་འདྲ་མང་པོ་ཞིག་ཏན་ཏན་ཡོང་གི་ཡོད། དེ་འདྲ་ཡིན་དུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྐབས་རེ་སྐབས་རེ་འགྲེལ་བཤད་རྒྱག་པའི་སྐབས། ཕྱོགས་སོ་སོའི་འདོད་ཕྱོགས་ཡིན་པ་དང་། གཞན་མ་ཡིན་པའི་འགྲེལ་བཤད་དེ་འདྲ་རྒྱག་གི་འདུག ཚོགས་གཙོ་ལའང་བཤད་མཁན་མང་པོ་བྱུང་། སྐབས་རེར་ལན་འདེབས་བྱེད་དགོས་བསམ་པ་དེ་འདྲའང་ཡོང་གི་འདུག ཡང་ལན་འདེབས་མ་བྱས་ན་ཕན་པར་བསམ་ནས་བཞག་པ་དེ་འདྲའང་ཡོད། ༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་རེད་དེ་མཐའ་མའི་གཏན་འབེབས་དེ་གྲོས་ཚོགས་ཀྱི་ངོས་ནས་གནང་བ་ཡིན་དུས། མཐའ་མའི་འགན་དེ་གྲོས་ཚོགས་ཀྱི་ངོས་ནས་འཁུར་དགོས་པ་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་ལ་ཐུགས་ཕམ་འབྱུང་གཞིའི་གནས་ཚུལ་དེ་འདྲ་སྤྱི་ཚོགས་ནང་གསུངས་བསྡད་པ་ཡིན་ན་ཏག་ཏག་བསྡད་ཀྱི་མེད།

མ་འོངས་པར་གནས་ཚུལ་དེའི་རིགས་ལ་ཚོགས་གཙོ་གཅིག་པུ་ཙམ་མ་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་གི་ངོས་ནས་གདོང་ལེན་བྱེད་དགོས། སྤྱི་འཐུས་རྣམ་པ་ས་གནས་སོ་སོར་ཕེབས་སྐབས་སྤྱི་པའི་ལངས་ཕྱོགས་གང་ཡིན་པ་དེ་གསུང་དགོས་པ་དེ་གལ་ཆེན་པོ་རེད་མ་གཏོགས་སོ་སོ་སྒེར་གྱི་ལངས་ཕྱོགས་གསུང་བསྡད་པ་ཡིན་ན་བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་དེ་བསྒྲུབ་ཀྱི་མེད། དེ་ཚོ་དགོངས་པར་གཞག་དགོས་པ་དེ་གལ་ཆེན་པོ་འདུག མ་འོངས་པར་ཐུགས་ཕམ་མི་ཡོང་བའི་གཞི་རྩ་དེ་ང་ཚོས་བསྒྲུབ་དགོས་པ་ལས་གཞན་སུ་ཞིག་སྒྲུབ་མཁན་ཡོད་མ་རེད། རྒྱུ་མཚན་བཤད་ན་མང་པོ་བཤད་རྒྱུ་ཡོད་མོད། སྤྱི་ཡི་ཐོག་ལ་བསམ་བློ་བཏང་ནས་ད་ནས་བཟུང་༸རྒྱལ་བ་རིན་པོ་ཆེ་ཡང་བསྐྱར་ཐུགས་ཕམ་མི་ཡོང་བའི་ལངས་ཕྱོགས་བརྟན་པོ་ཞིག་གཟུང་དགོས་པ་དེ་གལ་ཆེན་པོ་རེད། འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། ཡང་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་འགན་མང་པོ་ཡོད་མོད། གནས་ཚུལ་དེས་རྐྱེན་པས་སྤྱི་ཚོགས་ལ་དཀྲུག་ཤིང་བརྒྱབས་ན་ཕན་ཐོགས་མེད། གཙོ་བོ་མི་མང་ལ་གོ་རྟོགས་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད་མ་གཏོགས། ང་ཚོ་འགན་འཁུར་མཁན་ཚོ་ནང་ལ་གཏམ་བཤད་བྱེད་མཁན་བར་དུ་འཁྲུགས་ཐེབས་པ་ཡིན་ན་རང་བཞིན་གྱིས་མི་མང་ནང་ལ་རྙོག་ཁྲ་ཡོང་བའི་གཞི་ཞིག་ཆགས། དེ་བས་མི་མང་ལ་གོ་རྟོགས་གསལ་པོ་ཡོང་བའི་ཐབས་ཤེས་གཏོང་དགོས། ༧གོང་ས་མཆོག་གི་དགོངས་གཞི་ཆོས་དང་། ཆབ་སྲིད་གང་གི་ཐོག་ནས་ཡིན་ནའང་དངོས་ཡོད་ལ་གཟིགས་ཏེ་རྒྱུན་རིང་པོ་ལ་ཐུགས་བསམ་བཞེས་པ་དང་བཀའ་འདྲི་སོགས་གནང་སྟེ་ཐུགས་ཐག་གཅོད་གནང་པ་ལས། ཚོད་རྒྱུགས་རྩ་བ་ནས་གནང་མེད་པ་དེ་ང་རང་ལོ་གསུམ་ལ་ཚོགས་གཙོར་བསྡད་པའི་ཉམས་མྱོང་གི་ཐོག་ནས་བཤད་ཤེས་ཀྱི་ཡོད། དེའི་རྒྱུ་མཚན་གྱིས་གནས་ཚུལ་དེ་འདྲ་བྱུང་བའི་སྐབས་ལ་མི་མང་གི་ནང་ནས་ཀྱང་གནས་ཚུལ་དེའི་རྒྱབ་ལྗོངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་། གནས་ཚུལ་དེའི་རྒྱབ་ལྗོངས་ཤེས་རྟོགས་ལ་འབད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་མ་གཏོགས། གནས་ཚུལ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་ཤེས་པའི་སྔོན་ལ་སྐད་ཆ་འདྲ་མིན་བཤད་པ་དེ་ལ་བསམ་གཞིགས་བྱེད་དགོས་ཀྱི་འདུག དེ་མཚུངས་སུ་ང་ཚོའི་སྤྱི་ཚོགས་ནང་དུ་གནས་ཚུལ་མཁོ་སྤྲོད་བྱེད་སའི་གསར་འགོད་བརྒྱུད་ལམ་ཁག་ཡིན་ནའང་ཕྱོགས་གཅིག་ནས་རྙོག་ཁྲ་འདི་ལ་བརྟེན་ནས་ཡོང་གི་ཡོད། ལྷག་པར་དུ་དྲ་རྒྱ་ཁག་གི་དྲ་ཚིགས་ཀྱི་མཆན་བརྒྱབ་ས་དང་། ཟིན་བྲིས་འབྲི་ས་དེའི་རིགས་ལ་སོ་སོའི་དངོས་མིང་མ་བྲིས་པར་གདོང་པ་སྦས་ཏེ་སྤྱི་ཚོགས་ལ་དཀྲུག་ཤིང་བརྒྱབས་པ་དང་༸གོང་ས་མཆོག་ལ་མཚན་དམོད་ཞུ་བ། དེའི་རིགས་ནི་དྲ་རྒྱ་འཛུགས་པའི་སྐབས་སུའམ། ཡང་ན་མིང་མ་བཏང་བའི་སྔོན་ལ་ཞིབ་བཤེར་བྱས་ཏེ་འགན་ཁུར་དགོས་པ་དང། སྡིངས་ཆ་ཞིག་འདུག་བསམས་ནས་གང་དྲན་བྲིས་པ་དེར། དངོས་ཡོད་བདེན་ཚུལ་ཡིན་མིན་ལ་ཚང་མས་བསམ་བློ་གཏོང་དགོས་ཀྱི་འདུག ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཞི་པ་འདིའི་ཐོག་ལ་གྲོས་ཚོགས་ཆ་ཚང་དགོངས་པ་ཞུ་མཁན་སྤྱི་འཐུས་གཉིས་མ་གཏོགས་ཚང་མ་ཚང་འཛོམས་བྱུང་ཡོད་ལ། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དེང་སྐབས་ཡུ་རོབ་ནང་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འགྲོ་བཞིན་པར་འགན་བཞེས་བཞིན་ཡོད་རེད། དེ་ལས་གཞན་ཚང་མ་ཚང་འཛོམས་བྱུང་ཡོད། གཞན་དེང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པ་བསྐྱར་གསོ་བྱེད་བཞིན་ཡོད་སྟབས་དེའི་སྔོན་འཛིན་སྐྱོང་བཀའ་ཤག་ལ་འབོད་བསྐུལ་ཞུས་པ་ནང་བཞིན་ཆོག་མཆན་ཐོབ་ནས་དེ་རིང་ཚོགས་ཁང་འདིར་འཛོམས་ཐུབ་པ་བྱུང་བ་དེ་ལ་འཛིན་སྐྱོང་བཀའ་ཤག་དང་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།