ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

 

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ལ། དཔལ་ལྡན་སྲིད་སྐྱོང་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་ཚོ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ཀྱི་ལས་རིམ་འགོ་མཇུག་བར་གསུམ་ལ་ཐུགས་སྣང་ཆེན་པ་དང་ཐུགས་འཁུར་ཆེན་པོའི་ཐོག་ནས་ཆ་ཤས་བླངས་པ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དབུ་འབྱེད་གཏམ་བཤད་ནང་ད་རེས་གྲོས་ཚོགས་ཀྱི་ལས་དོན་འདིའི་ཐོག་ལ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཞུས་པ་རེད། ཉིན་བཅུའི་གྲོས་ཚོགས་ཀྱི་ལས་རིམ་དེ་ཚོགས་གཙོ་སྦྲེལ་པོའི་ལྟ་སྣང་ལ་དོན་དང་ལྡན་པ་ཞིག་བྱུང་སོང་བསམ་པ་ཞིག་བྱུང་སོང་ཞེས་སྔོན་དུ་བརྗོད་པའི་ཐོག་ནས། དེ་རིང་གི་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་བཞི་བསྣམ་ཕེབས་དགོས་བྱུང་བ་རེད།  བོད་ནང་ལ་རང་ལུས་མེེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་དང་། གཞན་ཡང་བོད་པའི་གྲོགས་པོ་རྙིང་པ། དངོས་གནས་བོད་དོན་ལ་ཤ་ཚ་ཡོད་མཁན། མི་ཚེ་གང་པོ་དུས་ཚོད་ངེས་ཅན་བོད་དོན་ཐོག་ལ་བཏང་ནས་སྡོད་མཁན་གྱི་མི་སྣ་གཉིས་སྐུ་ཞབས་ Mohan Singh མཆོག་དང་སྐུ་ཞབས་ Robert Ford རྣམ་གཉིས་སྐུ་གཤེགས་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་བསྣམ་ཕེབས་པ་རེད། གྲོས་ཚོགས་ནང་དུ་གསུང་མཁན་ཡང་བྱུང་སོང་། གཅིག་བྱས་ན་ང་ཚོ་སྤྱི་དོན་བསོད་ནམས་ཀྱི་འདང་གི་མེད་པ་ཡིན་ནའང་འདྲ། གང་ལྟར་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་། དངོས་གནས་བོད་དོན་ལ་ཤ་ཚ་ཡོད་མཁན་མང་པོ་ཅིག་འདས་གྲོངས་སུ་འགྲོ་རྒྱུའི་རྐྱེན་ངན་པ་རིགས་གནས་ཚུལ་ཡོང་བསྡད་ཀྱི་འདུག དེར་བརྟེན་ང་ཚོ་ལྷ་རྗེ་མི་སྡེ་ཡོངས་ནས་སྤྱི་དོན་བསོད་ནམས་ལ་འབད་སྤུངས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་གཅིག་དང་། ད་རེས་གྲོས་ཚོགས་དེའི་ནང་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བཏོན་པ་ནང་བཞིན་བྱས་ནས་དོན་ཚན་གསུམ་ཅན་ཞིག་གི་གྲོས་ཆོད་ཅིག་འཇོག་ཐུབ་པ་བྱུང་ཡོད་རེད། དེའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་འགན་བཞེས་ནས་ཆ་ཤས་བླངས་པ་རེད། འཛིན་སྐྱོང་བཀའ་ཤག་གིས་དགོངས་ཚུལ་གསུངས་པ་རེད། ད་ལྟ་བཀའ་ཤག་གི་གསལ་བཤད་དང་འབྲེལ་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་དོན་དེ་ཚོའི་སྐོར་ལའང་། དེ་རིང་གྲོས་ཚོགས་ནང་གླེང་པ་སོང་ཙང་། འགན་གཙོ་བོ་དེ་འཛིན་སྐྱོང་བཀའ་ཤག་ལ་ཡོད་རེད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་སེལ་ཐབས་དང་བོད་དོན་གྱི་དཀའ་རྙོག་སེལ་རྒྱུའི་ཆེད་དུ་རྒྱ་ནག་གི་འགོ་ཁྲིད་ཚོའི་མཉམ་དུ་འབྲེལ་མོལ་བྱ་རྒྱུའི་ལས་དོན་དེ་ལ་བཀའ་ཤག་གི་འབད་འབུང་གནང་དང་གནང་མུས་རེད་ལ། ད་དུང་ཤུགས་ཆེ་ཙམ་ཞིག་དེའི་ཐོག་ལ་གནང་དགོས་པའི་གནས་སྟངས་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་གཅིག་དང་། རྒྱ་ནག་རང་ནང་དུའང་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར།  གང་ཅིའི་ཐོག་ནས་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བསྡད་ཀྱི་ཡོད་རེད། བར་ལམ་ནས་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་དུས། འདི་ཚོར་བསྐྱར་ཞིབ་གནང་གི་ཡོད་རེད། གནང་བའི་ཐོག་ནས་གོ་སྐབས་དམ་འཛིན་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག  སྐབས་རེ་སྐབས་རེ་རྒྱ་ནག་དང་བོད་ནང་ལོགས་ཀྱི་གནས་ཚུལ་འགའ་ཐོན་ཡོང་དུས། ཡང་ང་ཚོའི་ངོས་ནས་གང་འདྲས་འདྲ་བྱེད་ཀྱི་ཡོད་དམ་བསམ་བསམ་འདྲ་པོ་བསམ་བློའི་ནང་འཁོར་མ་སྲིད་པ་མ་རེད། ད་ལྟ་འདིར་ལངས་སྡོད་མཁན་གྱི་ཚོགས་གཙོ་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གང་ལ་གང་འཚམ་ཞིག་ལ་ཕྱིན་པ་རེད། དེའི་སྐབས་དེར་ཆབ་སྲིད་ལ་དོ་སྣང་ཤུགས་ཆེན་པོ་གནང་མཁན་དེ་ཚོའི་དགོངས་ཚུལ་ཡང་གསུང་པ་དེ་འདྲ་ཡོང་གི་འདུག སྐབས་དེར་ང་ཚོས་མ་ཤོར་བ་དམ་འཛིན་གནང་རྒྱུའི་ཐོག་ལ་འབད་སྤུངས་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་བྱུང་། ད་རེས་གྲོས་ཚོགས་ནང་ང་ཚོས་ལས་རིམ་འགྲོ་སྟངས་ཐོག་ལ་ཕྲན་བུ་ཞིག་འགྱུར་བ་བཏང་ནས། བཀའ་བློན་ལས་ཁུངས་རེ་རེའི་ལས་བསྡོམས་སྙན་སྒྲོན་ཞུས་ནས་ཐད་ཀར་ཐད་ཀར་རྒྱུན་ལས་ཀྱི་དྲི་བར་ལན་འདེབས་དང་། གཞན་ཡང་བཀུར་འོས་སྤྱི་འཐུས་མི་རེ་ངོ་རེས་དྲི་བ་ལ་ལན་འདེབས་གསལ་པོ་གནང་པ་དེས་ཕན་ཐོགས་གང་ལ་གང་འཚམ་ཞིག་བྱུང་སོང་བསམ་གྱི་ཡོད། ཕྱོགས་གཅིག་ནས་སྔོན་མའི་འགྲོ་སྟངས་དེས་བཀའ་བློན་རྣམ་པ་ཚོ་ཉི་མ་གསུམ་བཞི་ཙམ་ཞིག་བགྲོ་གླེང་འགྲོ་བསྡད་པའི་སྐབས་དེར།    ཉི་མ་རྟག་པར་ཐོ་བརྒྱབ་དགོས་པའི་གནས་སྟངས་ཤིག་དང་།          ད་ལྟའི་འགྲོ་ལུགས་འདིའི་ཐོག་ནས་ལས་ཁུངས་རེ་རེ་མར་ཚར་ཡོང་དུས། སོ་སོའི་ལས་ཁུངས་ལ་ལན་འདེབས་རྒྱག་པའི་སྐབས་ལ་ཧུར་ཐག་རྦད་ཐག་གནང་ནས། དེ་མིན་གྱི་དུས་ཚོད་ལ་ཕྲན་བུའི་ཐུགས་ལྷོད་པོ་བཞུགས་རྒྱུའི་གོ་སྐབས་བྱུང་ཡོད་རེད་བསམ་གྱི་ཡོད།     ཡང་སྒོས་སུ་མང་ཚོགས་གྲོས་ཚོགས་ཀྱི་ལས་རིམ་ལ་གཟིགས་མཁན་དང་ཐུགས་སྣང་གནང་མཁན་ཚོས་སྤྱི་འཐུས་རྣམ་པ་ཚོའི་དགོངས་པ་ལ་ག་རེ་འདུག སྤྱི་འཐུས་རྣམ་པ་ཚོའི་ལམ་སྟོན་ག་རེ་གནང་སོང་། དྲི་བ་ག་རེ་བཏང་སོང་། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ག་རེ་གནང་སོང་། དེ་གསལ་པོ་བྱས་ནས་མཁྱེན་ཐུབ་རྒྱུའི་གོ་སྐབས་ཅིག་བྱུང་ཡོད་རེད། གྲོས་ཚོགས་ཀྱི་ལས་རིམ་དེ་རྡ་རམ་ས་ལ་དང་ཕྱི་རྒྱལ་གནས་སྡོད་བོད་མི་ཚོ་དྲྭ་རྒྱ་དང་། དེ་བཞིན་རྒྱ་གར་ནང་ཡིན་ནའང་དྲྭ་རྒྱའི་མཐུན་རྐྱེན་ཡག་པོ་ཡོད་མཁན་ཁག་ལ་ཐད་ཀར་རྒྱང་སྲིང་གི་ཐོག་ནས་གཟིགས་རྒྱུའི་གོ་སྐབས་ཡོད་རེད། བོད་མིའི་འདུ་སྡོད་ས་གནས་གཞན་ཁག་ལ་གྲོས་ཚོགས་ཚར་བའི་རྗེས་རིང་པོར་མི་ཐོགས་པར་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་འོད་སྡེར་གྱི་ཐོག་ནས་བཏང་གི་ཡོད་རེད། འདི་འདྲ་ཡིན་པ་སོང་ཙང་། གྲོས་ཚོགས་ཀྱི་ལས་རིམ་དེ་གཟིགས་པ་ཡིན་ན། ནམ་རྒྱུན་སོ་སོ་སོའི་སེམས་ནང་ཐུགས་དོགས་ཡོད་པ་ཁག་མང་པོ་ཅིག་གྲོས་ཚོགས་ལས་རིམ་དེ་རང་གི་ཐོག་ནས་གསལ་པོ་ཆགས་ཐུབ་རྒྱུའི་གནས་སྟངས་དང་། ཆབ་སྲིད་ཀྱི་གོ་རྟོགས་གང་ཅིའི་ཐོག་ནས་ཐུགས་ཕན་གསོས་རྒྱུ་གཅིག་དེ་རིང་གྲོས་ཚོགས་ཀྱི་ལས་རིམ་དེའི་ཐོག་ནས་བྱུང་སོང་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་ཡིན་ནའང་ང་ཚོ་ལས་རིམ་གྱི་འགྲོ་སྟངས་དེ་རང་གི་ཐོག་ལ་འགྲོ་ཐུབ་པ་ཡིན་ན། ཚང་མ་ལ་ཁེ་ཕན་ཞིག་ཏན་ཏན་ཡོང་གི་འདུག་ཅེས་ཞུ་རྒྱུ་ཡིན། བཀའ་ཤག་གི་གསལ་བཤད་ཐོག་དང་འབྲེལ་བའི་དེའི་ལས་རིམ་སྐོར་ལ་གཅིག་ཞུ་དགོས་བསམ་པ་རེད་ཀྱང་། ཚོགས་གཙོས་ཡང་ནས་ཡང་དུ་ཡར་ལངས་སྡོད་མཁན་འདྲ་ཆགས་དུས། མིའི་མཐོང་སྣང་ལ་གང་འདྲ་ལྟ་བུ་ཆགས་ཀྱི་ཡོད་དམ་བསམ་ནས་མ་ཞུས་པ་རེད། བཀའ་ཤག་གི་གསལ་བཤད་དེ། ད་ལྟ་འདིར་ལངས་སྡོད་མཁན་གྱི་ཚོགས་གཙོ་དེ་སྐབས་བཅུ་གཅིག་གི་སྤྱི་འཐུས་མ་རེད། སྐབས་བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅོ་ལྔ་བྱས་ནས་འདས་པས་ལོ་བཅུ་བདུན་ལྷག་ཙམ་ཞིག་རིང་སྤྱི་འཐུས་བྱས་ནས་བསྡད་པ་རེད། གྲོས་ཚོགས་ནང་ལ་བཀའ་ཤག་གི་གསལ་བཤད་ཟེར་བའི་ལས་རིམ་དེ་མི་འདྲ་བ་སྣ་མང་ཞིག་ཕེབས་བསྡད་ཡོད་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ལ་གསལ་བ་ནང་བཞིན་བྱས་ནས་ཕྱིན་བཞག་པ་ཞིག་ཕལ་ཆེར་དཀོན་པོ་འདྲ་པོ་ཞིག་རེད། སྐབས་བཅུ་གཉིས་འདྲ་པོ་ཡིན་ན། བཀའ་ཤག་གི་གསལ་བཤད་ནང་ལས་བསྡོམས་འདྲ་པོ་ཞིག་ཡོད་རེད།      ཆབ་སྲིད་ཀྱི་ལས་བསྡོམས་དང་། འཛིན་སྐྱོང་གི་ལས་བསྡོམས། ཡང་སྐབས་གཅིག་ལ་འོ་དེ་ལས་བསྡོམས་ཆགས་འགྲོ་ཡི་འདུག བཀའ་ཤག་གི་གསལ་བཤད་ནང་ལོགས་ལ་ཆབ་སྲིད་ཁོ་ན་ཁྱེར་ཡོང་དགོས་འདུག་ཅེས་གསུང་མཁན་བྱུང་བ་རེད། བཀའ་ཤག་གི་ཆབ་སྲིད་གཅིག་པུ་ཁྱེར་ཡོང་དུས། ཡང་དེའི་ནང་འཛིན་སྐྱོང་འཁོད་མི་འདུག་ཅེས་པའི་གནད་དོན་འགའ་བྱུང་བ་རེད། ཕྱིས་སུ་བཀའ་ཤག་སྐབས་བཅུ་གཉིས་པའི་གྲོས་ཚོགས་ནང་ཕེབས་དུས། བཀའ་ཤག་གི་གསལ་བཤད་ཕེབས་ཡོད་རེད། དེ་ནས་ཡུན་རིང་པོ་ཞིག་བཀའ་ཤག་གི་གསལ་བཤད་ཕེབས་ཡོད་མ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟར་ཕེབས་པ་རེད། ཡང་སྤྱི་འཐུས་ནང་དུའང་གསུང་སྐད་ཤོར་ཡོད་རེད། དེང་སང་བཀའ་ཤག་གི་གསལ་བཤད་ཕེབས་ཡས་མི་འདུག་ཟེར་བའི་སྐབས་དེར་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དགོས་ཀྱི་འདུག་ཅེས་གསུང་མཁན་བྱུང་མ་སོང་། སྒྲིག་གཞི་དགོོངས་དོན་གྱི་ཁོ་གསར་པ་དང་འགྱུར་བ་བཏང་པའི་གནས་དོན་རིགས་གསལ་དགོས་ཀྱི་ཡོད་པ་སོང་ཙང་། དེ་འདྲའི་གནས་སྟངས་བྱུང་བ་རེེད། ད་ལྟའི་སྐབས་སུ་ཡིན་པ་ཡིན་ནའང་ཕྱོགས་གཅིག་ནས་ལས་བསྡོམས་ལྟ་བུ་ཞིག་དང་། ཕྱོགས་གཅིག་ནས་ཡང་སྲིད་བྱུས་དང་འབྲེལ་བ་ཡོད་པའི་གནས་སྟངས་ཐོག་འགྲོ་བསྡད་ཀྱི་ཡོད་དུས། རྩ་བའི་འཛིན་སྐྱོང་བཀའ་ཤག་ལ་ཞུས་ཡོད། གྲོས་ཚོགས་ཀྱི་ལས་རིམ་ལ་ཐུགས་སྣང་གནང་དགོས་ཀྱི་འདུག གྲོས་ཚོགས་ཀྱི་ལས་རིམ་ནང་དུ་འཛིན་སྐྱོང་བཀའ་ཤག་གི་ཡིག་ཆ་ག་རེ་ག་རེ་བསྣམ་ཕེབས་དགོས་ཀྱི་ཡོད་མེད། ང་ཚོས་སྔོན་ཚུད་ནས་ཕར་ལན་འབུལ་གྱི་ཡོད་རེད་ལ། དེ་བཞིན་ཐུགས་འགན་བཞེས་པའི་ཐོག་ནས་ཡིག་ཆ་ཁག་སྔོན་ཙམ་ནས་མར་བཏང་ཐུབ་པ་ཡིན་ན། གྲོས་ཚོགས་ལས་རིམ་སྒྲིག་རྒྱུར་ཁྱད་པར་ཡོང་གི་འདུག་ཅེས་ཞུ་གི་ཡོད། དཔལ་ལྡན་བཀའ་ཤག་གི་གསལ་བཤད་དེའང་བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་དེ་རིང་ཐེངས་མ་དང་པོ་ཕེབས་པ་རེད། ད་རེས་དམིགས་བསལ་གྱི་ཚོགས་གཙོ་སྦྲེལ་པོོའི་ངོས་ནས་སྒྲིག་གཞི་དང་ཏག་ཏག་བསྡད་མ་བསྡད་ཐོག་ནས་བཀག་ཐུབ་མ་སོང་། སྔོན་མའི་བྱུང་རིམ་མང་པོ་ཞིག་དང་འབྲེལ་ནས་ཆགས་ཡོང་དུས། ཡིན་ནའང་བཀའ་ཤག་གི་གསལ་བཤད་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་གནང་ཡས། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གནང་རྒྱུ་དེ་ཚོ་མང་ཚོགས་ཀྱི་མཁྱེན་དགོས་པའི་གནས་དོན་མང་པོ་ཞིག་བྱུང་སོང། འདི་ཚོའི་རིགས་དེ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ས་གནས་ལ་ཕེབས་པའི་སྐབས་ལ་ཡིན་ནའང་རེད། ད་ལྟ་འཛིན་སྐྱོང་བཀའ་ཤག་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་མང་ཚོགས་ལ་ལམ་སྟོན་གནང་རྒྱུར་ཕེབས་རྒྱུ་ཡིན་པ་སོང་ཙང་། འདི་ཚོའི་སྐོར་ལ་ཁ་གསལ་གཏིང་གསལ་གྱི་ཐོག་ནས་མང་ཚོགས་ལ་གསལ་བཤད་གནང་ཐུབ་པ་ཡིན་ན། ཐུགས་ཕན་ཏན་ཏན་གསོས་རྒྱུའི་ལས་རིམ་ཅིག་འགྲོ་སོང་བསམ་གྱི་ཡོད། བཅའ་སྒྲིག་བསྐྱར་བཅོས་རེད། དེའི་ཐོག་ལ་མཐོང་ཚུལ་དེ་ཚོ་ཚོགས་གཙོས་ཞུས་ཟིན་པ་ཡིན། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་འདྲ་པོ་ཞིག་ཡིན་ན། ད་རེས་ང་ཚོ་མཇུག་བསྒྲིལ་བ་རེད། དེའི་ཐོག་ནས་དབུས་ཙམ་དུ་མ་ཟད་ས་གནས་ལ་སྡོད་མཁན་གྱི་ལས་བྱེད་ཚོ་ཡིན་ནའང་རྩིས་དང་འདི་ཚོའི་རིགས་ལ་ཏོག་ཙམ་དོ་སྣང་མ་བྱས་པ་ཡིན་ན། མ་འོངས་པར་གྲོས་ཚོགས་ནང་མིང་ཐོན་ས་རེད་བསམ་པའི་བསམ་ཚུལ་གཅིག་ཏན་ཏན་ཡོང་བ་ཡོད་བསམ་གྱི་ཡོད། དེ་དེ་བཞིན་གྱི་ད་ལྟ་ཉིན་རེ་ཉིན་རེའི་ང་ཚོའི་ལས་ཀ་བྱེད་རྒྱུའི་ནང་ལོགས་ལའང་འགྲོ་སོང་བཏང་བསྡད་ཀྱི་ཡོད་རེད། འདི་ཚོའི་གྲས་འདི་ཚོར་ཏོག་ཙམ་ཞིག་རྩིས་པ་དང་དངུལ་གཉེར། དབང་ལྡན་འགན་འཛིན་ཚོས་དོ་སྣང་ཤུགས་ཆེ་ཙམ་ཞིག་བྱས་པ་ཡིན་ན། མ་འོངས་པར་རྩིས་ཞིབ་སྙན་ཐོའི་ནང་སླེབས་རྒྱུའི་རིགས་ཕྲན་བུའི་ཉུང་ཉུང་ཆགས་རྒྱུ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཟེར་བ་དེ་བཙུགས་མི་དགོས་པའི་གནས་སྟངས་རིགས་ཆགས་པ་ཡིན་ན། དངོས་གནས་དྲང་གནས་ང་ཚོ་གནས་ཚད་མཐོ་པོ་ཞིག་ལ་སླེབས་ཀྱི་ཡོད་རེད། གང་ལྟར་དེ་འདྲ་འཛུགས་མ་དགོས་པའི་གནས་སྟངས་ཤིག་ལ་མ་འགྱུར་བ་ཡིན་ནའང་། ལོ་རང་བཀག་རང་བཀག་སོ་སོ་ལ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་བཙུགས་པའི་སྐབས་ལ་གསལ་པོ་ཞིག་བཟོ་ཐུབ་པ་ཡིན་ན། ང་ཚོ་དུས་འགྱངས་མ་ཕྱིན་པ་དང་། སྤྱི་ཚོགས་ནང་གླེང་སློང་མི་ཡོང་བའི་ཏན་ཏན་ཁྱད་པར་ཅིག་འགྲོ་གི་རེད་བསམ་གྱི་ཡོད། དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་ཐོག་ནས་དྲི་བ་དང་ཐུགས་སྣང་གཞེན་སྐུལ་གནང་མཁན་ཚང་མ་ལོགས་ལ་ཡག་པོ་བྱུང་སོང་། དེ་བཞིན་བཀའ་ཤག་གི་གསལ་བཤད་གནང་ཐུབ་པ་ཡང་ཡོང་གི་ཡོད་རེད། གནང་མ་ཐུབ་པའང་ཡོང་གི་ཡོད་རེད། དེའི་རིགས་གནས་སྟངས་སོ་སོ་སོའི་ཐོག་ནས་ཆགས་བསྡད་པ་རེད། གཞན་ཡང་ཁྲིམས་ཞིབ་པ་འོས་འདེམས་བྱ་རྒྱུ་དང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་གཏན་འབེབས་བྱ་རྒྱུའི་ཐོག་ལའང་རེད། ད་རེས་གྲོས་ཚོགས་དེའི་ཐོག་ལ་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ཚོགས་དགོས་པ་བྱུང་ཡོད། བཞུགས་མོལ་ཚོགས་འདུ་དེའང་བརྗོད་གཞི་དང་ལྡན་པ། བབ་སར་བབས་ཐུབ་རྒྱུའི་གནས་སྟངས་ཐོག་ལ་འགྲོ་བསྡད་ཀྱི་ཡོད་རེད། དེ་ཚོའི་རིགས་དེ་ཚོགས་གཙོ་གཉིས་ལའང་ཐུགས་ཕན་ཆེན་པོ་གསོས་སོང་ལ། དེ་བཞིན་སྤྱི་འཐུས་རྣམ་པ་ཚོ་ལའང་ཐུགས་ཕན་ཆེན་པོ་བྱུང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཆུང་ཚགས་ཤིག་ཞུས་པ་ཡིན་ན། གྲོས་ཚོགས་ཀྱི་ནང་དུ་སོ་སོས་སོ་སོར་ཞེ་ས་རྒྱག་མཁན་དེ་ཏོག་ཙམ་མང་དུ་འགྲོ་གི་འདུག འདི་མང་ཚོགས་མང་པོ་ཞིག་གིས་ལྟ་གི་ཡོད་པ་སོང་ཙང་། གལ་ཆེན་པོ་བྱས་ནས་ཞུས་པ་མ་གཏོགས། བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པར་གུས་བཀུར་མེད་པ་རྩ་བ་ཉིད་ནས་མིན། མང་ཚོགས་མང་པོ་ཞིག་གིས་གྲོས་ཚོགས་ཀྱི་ལས་རིམ་འདི་གཟིགས་ཀྱི་ཡོད་པ་སོང་ཙང་། ད་ཡིན་ན་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ་ཚོས་ཀྱང་སོ་སོས་སོ་སོར་ཞེ་ས་བརྒྱབ་ནས་འགྲིག་གི་ཡོད་པ་ཡིན་ན། ང་ཚོས་ང་རང་ཚོར་ཞེ་ས་རྒྱག་ན་འགྲིག་གི་མེད་དམ་སྙམ་པའི་བསམ་བློ་དེ་འདྲ་འཁྱེར་ནས་སྤྱི་ཚོགས་ཁོ་རང་སོ་སོས་སོ་སོར་ཞེ་ས་རྒྱག་མཁན་ཆགས་པ་ཡིན་ན། ཡ་མཚན་པོ་ཞིག་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད་པ་ཡིན་དུས། དེ་རིང་དེ་ཞུས་པ་ཡིན། དེ་སྤྱི་འཐུས་ཀྱི་ནང་ལོགས་ནས་ཀྱང་བཀའ་མོལ་གནང་མཁན་གང་ལ་གང་འཚམ་ཞིག་བྱུང་སོང་། དེ་དག་གི་མིང་མི་རེེ་ངོ་རེ་འདོན་མི་དགོས་པ་གཙོ་འདོན་བྱས་ནས།  ལས་རིམ་འགྲོ་བཞིན་པའི་སྐབས་སུའང་ཚོགས་གཙོའི་ཁ་ནས་ཤོར་གྲབས་ཤོར་གྲབས་བྱེད་ཀྱི་འདུག་ཀྱང་ཡང་ནས་ཡང་དུ་བཤད་པ་ཡིན་ན་སུན་པོ་ཆགས་ཀྱི་མེད་དམ་སྙམ་སྟེ་སྒོམ་ནས་བསྡད་པ་ཡིན།

གལ་ཆེ་ཤོས་ཤིག་ལ་དེ་རིང་ང་ཚོའི་གྲོས་ཚོགས་འདིའི་ནང་ལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་དེ་བཞག་པ་རེད། འདི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གསུངས་པ་བཞིན་དགའ་པོའི་ངང་ནས་གྲོས་ཚོགས་ཀྱི་ནང་དུ་ཁྱེར་ཡོང་པ་ཞིག་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་པ་མ་རེད། གནས་སྟངས་ཞན་པོ་ཞིག་ལ་སླེབས་ཡོད་པ་སོང་ཙང་། ང་ཚོས་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་དེ་འདྲ་ཞིག་ཁྱེར་ཡོང་དགོས་ཐུག་པ་རེད། ཡིན་ནའང་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་གནང་བའི་སྐབས་དང་གྲོས་ཆོད་གྲོས་འཆར་དེ་སྤྱི་མོས་ཀྱིས་གཏན་ལ་ཕབ་ཐུབ་པ་དེ་ནི་གྲོས་ཚོགས་ཀྱི་གཟི་བརྗིད་རེད་སྙམ་གྱི་འདུག གྲོས་ཚོགས་ཀྱི་ནང་དུ་ཡོད་པའི་ཚོགས་མི་ཚང་མ། བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པས་ཁོག་པའི་ནང་དུ་གཅིག་ཉར། ཁ་ནས་གཞན་ཞིག་བཤད། དེ་འདྲ་རྩ་བ་ཉིད་ནས་མིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། ད་ལྟའི་ང་ཚོའི་གྲོས་ཆོད་ཀྱི་ནང་དུ་དམ་བཅའ་ཡང་བཞག་ཡོད་པ་རེད། དེ་འདྲ་ཡིན་པ་སོང་ཙང་གྲོས་ཆོད་འདིའི་དགོངས་དོན་གཙོ་བོ་ནི། ང་ཚོའི་ལས་དོན་རྣམས་ཚགས་ཚུད་པོ་ཡོང་བ་ཞིག་དང་སྤྱི་ཚོགས་ཀྱི་ནང་དུ་འཁྲུག་ཐེབ་རྒྱུ་དེ་འདྲ་མི་ཡོང་རྒྱུ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལ་ང་ཚོས་ཚམ་ཚོམ་དང་འཛེམ་ཟོན་མེད་པར་གདོང་ལེན་བྱ་རྒྱུ་ཡིན་ཞེས་ཞུས་པ་བཞིན་གནང་དགོས་བྱེད་ཀྱི་རེད། དེ་མིན་ང་ཚོས་ཚིག་དེ་ཡར་བཅུག་པ་དེ་མཛེས་རྒྱན་གྱི་བཟོ་འདྲ་པོ་ཞིག་ཆགས་རྒྱུ་ལས་དོན་གྱི་ཐོག་ལ་ཕན་ཐོགས་མེད་པ་ཞིག་རེད། སྤྱི་ཚོགས་ཀྱི་ནང་ལ་བཀའ་མོལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་སང་སྤྱི་ཚོགས་ཀྱི་ནང་དུ་བཀའ་མོལ་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་ཡིན་ནའང་རེད། བཀའ་མོལ་མང་པོ་ཞིག་ཡོང་དགོས་པ་དེའི་གཅིག་དེ་ག་རེད་ཆགས་ཀྱི་ཡོད་པ་རེད་དམ་ཞེ་ན། ང་རང་ཚོའི་སྤྱི་ཚོགས་རང་གིས་བཟོ་གི་ཡོད་པ་རེད། དེ་འདྲའི་འགྲེལ་བཤད་ཅིག་མ་བརྒྱབ་པ་ཡིན་ན། མི་འགྲིག་པའི་གནས་སྟངས་ཞིག་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་བཟོ་བཞིན་ཡོད་དུས། དེ་ཚོའི་རྒྱུ་དེ་ཚོ་མེད་པ་ཡིན་ན། འབྲས་བུ་དེ་ཚོ་ཡང་ཡོང་དགོས་པ་ཆགས་ཀྱི་མེད། དེ་ཚོའི་ཐོག་ལ་ཐུག་སྣང་གནང་དགོས་ཀྱི་འདུག གང་ལྟར་ང་ཚོའི་སྤྱི་ཚོགས་འདི་གོ་བརྡ་འཕྲོད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ཀྱི་འདུག གོ་བརྡ་འཕྲོད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་ལན་མང་བཀའ་སློབ་གནང་གྲུབ་པ་རེད། དེའི་ནང་ནས་ཡོངས་གྲགས་སུ་མཁྱེན་བཞིན་པ་དེ་ Italy,Ladakh, Salugara, Swiss  དེ་དག་ཏུ་གནང་བ་དེ་རེད། ཡོངས་གྲགས་སུ་མ་ཕྱིན་པ་ང་རང་ཉིད་བཅར་ས་ལྟ་བུར་ཆ་མཚོན་ན། ཨོ་སི་ཊོ་ལི་ཡར་མང་ཚོགས་ལ་ཡང་བཀའ་སློབ་གནང་སོང་། གང་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་ཆིབས་སྒྱུར་མ་གནང་ན་མ་གཏོགས་ཆིབས་སྒྱུར་གནང་ས་དེ་དག་ཚང་མར་ལན་མང་འགྲེལ་བརྗོད་གནང་དགོས་ལ་ཐུག་པའི་གནས་སྟངས་དེ་ཡང་ང་ཚོའི་སྤྱི་ཚོགས་ཀྱིས་བཟོ་གི་ཡོད་པ་རེད། ཆབ་སྲིད་ཀྱི་གོ་རྟོགས་ཐད་ག་དུས་ཡིན་ནའང་ཚོགས་གཙོས་ཞུ་བཞིན་ཡོད། ང་ཚོའི་སྤྱི་ཚོགས་འདི་སྤྱི་ཚོགས་གཞན་དང་མི་འདྲ་བ། གནས་སྟངས་གཞན་དང་མི་འདྲ་བ་ཞིག་ཏུ་ལྷག་བསྡད་ཡོད་པ་རེད། རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཅིག་གི་མི་ཞིག་ཡིན་ནའང་སོ་སོའི་ཆབ་སྲིད་ཀྱི་གནས་སྟངས་དེ་ལ་ཧ་ཅང་གི་དོ་སྣང་ཆེན་པོ་ཞིག་གནང་གི་ཡོད་པ་རེད། ང་ཚོ་ལུང་པ་མེད་མཁན་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་གིས་དེ་བས་ཀྱང་ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཐོག་ལ་དོ་སྣང་མང་བ་གནང་དགོས་པ་ཞིག་རེད་ཀྱང་། མ་གནང་པའི་རྐྱེན་གྱིས་དཀྲོག་གཏམ་ཟེར་བ་དེེ་མི་ཤེས་མཁན་གྱི་ནང་ལ་ཆགས་འགྲོ་བའི་གནས་སྟངས་ཤིག་ཆགས་པའམ་དེའི་ཐོག་ལ་འགྱུར་འགྲོ་གི་ཡོད་པ་རེད། ཁག་ཅིག་གིས་ཤེས་བཞིན་དུ་སྤྱི་ཚོགས་ཀྱི་ནང་ལ་གླེང་སློང་དེ་འདྲ་བཟོ་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་ཀྱི་འདུག སྤྱིར་བཏང་ང་ཚོའི་སྤྱི་ཚོགས་འདི་གོ་བརྡ་འཕྲོད་ཐུབ་མཁན། རྒྱུ་མཚན་ལ་ལྟ་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ལ་བསྒྱུར་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

གཉིས་པ་དེ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་གཡས་སྐྱོར་གཡོན་སྐྱོར་གནང་ནས། ང་ཚོའི་བོད་མིའི་སྒྲིག་འཛུགས། ད་ལྟ་ང་ཚོ་ཚོགས་ཁང་འདིའི་ནང་དུ་སྡོད་མཁན་གྱི་མི་ཚོ་ཡིན་ནའང་འདི་འདྲ་ཞིག་ཏུ་ཚོགས་ནས་སྐད་ཆ་ཤོད་སའི་གོ་སྐབས་ཡོད་པ་ཞིག་དང་། བོད་པའི་སྐད་ཡིག་དང་། ཆོས། རིག་གཞུང་གི་བསྟི་གནས་འདི་འདྲའི་རྒྱ་ཆེན་པོ་ཞིག་ཏུ་འཕེལ་ཐུབ་པ་དེ་དག་ཚ་ཚང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས། ང་ཚོ་གཞན་ཚོས་ཞེ་དྲགས་འཇོན་ཡོད་བསམ་པ་ཡིན་ན། འཁྲུལ་སྣང་གི་ནང་དུ་ལྷག་གི་མེད་དམ་སྙམ་པའི་སེམས་ཚོར་ཞིག་དུས་རྒྱུན་དུ་ནས་ཡོང་གི་ཡོད་ལ་ཞུ་མཁན་ཞིག་ཀྱང་ཡིན། དེ་རིང་ཡང་འདིར་ཞུ་འདོད་བྱུང་། དེ་འདྲ་ཡིན་དུས་འདས་པའི་ལོ་ ༦༠ ཡི་རིང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱི་ཐོག་ནས་ཡར་རུབ་རུབ་ཙོག་ཙོག་བཟོས་གནང་བ་འདི། ང་ཚོས་གཏོར་རྒྱུའི་འགོ་བཙུགས་པ་ཡིན་ན། དེ་ལས་ལྷག་པའི་གྱོང་གུན་ང་ཚོ་བོད་པ་ཚོར་རག་རྒྱུ་ཡོད་མ་རེད་ལ། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ང་ཚོ་ནག་ཉེས་ཅན་ཆགས་ཀྱི་རེད་ཅེས་ཞུ་འདོད་བྱུང་།

དེ་དང་དེ་མཚུངས་ཀྱི་ང་ཚོའི་སྤྱི་ཚོགས་འདི་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་ཆགས་ཀྱི་མེད་དམ་སྙམ་པའི་སེམས་ཚོར་དེ་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། བླ་མ་དང་སློབ་མའི་བར་གྱི་དམ་ཚིག་ཡིན་ནའང་འདྲ། འདི་འདྲའི་དམ་ཉམས་མི་ཡོང་རྒྱུར་སོ་སོ་སོ་སོའི་ངོས་ནས་འགན་ག་རེ་འཁྱེར་དགོས་ཀྱི་འདུག བསམ་བློ་གང་འདྲ་ཞིག་གཏོང་དགོས་ཀྱི་འདུག དེ་ཚོའི་ཐད་ལ་ང་ཚོའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ཡིན་ནའང་འདྲ། དེ་བཞིན་ས་གནས་ཀྱི་ལས་བྱེད་ཚོ་ཡིན་ནའང་འདྲ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ནའང་རེད། ལྷག་པར་དུ་དེང་སང་ང་ཚོར་བརྒྱུད་ལམ་མང་པོ་ཡོད་པ་རེད། བརྒྱུད་ལམ་དེ་ཚོའི་ནང་དུ་ཡིན་ནའང་ཆོས་ཀྱིས་བོད་བསྐྱལ་བ་རེད་ཅེས་པའི་བསམ་བློ་དང་། ནང་ཆོས་ཀྱིས་རྩ་དོན་ལ་གནོད་པའི་གནས་སྟངས་འདྲ་པོ་དེ་འདྲ། ཆོས་ལ་ཟུར་ཟ་དང་སྐུར་འདེབས་བྱེད་པ། དེ་འདྲའི་རིགས་དེ་ཚོ། རྩ་བའི་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་རེད། ཡོད་པ་ཡིན་ནའང་ཚད་འདྲ་པོ་ཞིག་བཟུང་ནས་གང་འདྲ་ཞིག་བྱེད་དགོས་ཀྱི་འདུག་གམ། དེ་ཚོར་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས་དེ་ཚོའི་རིགས་ཀྱིས་རང་དབང་ཡིན་ཞེས་གང་བྱུང་མང་བྱུང་བཤད་བསྡད་པ་ཡིན་ན། ཁ་གཏད་དེ་ཕ་ཕྱོགས་སུ་བཞག ནང་ཁུལ་དུ་རྩོད་གླེང་བྱེད་དགོས་པའི་གནས་སྟངས་ཤིག ཁ་སང་གྲོས་ཆོད་གྲོས་འཆར་དེ་འཇོག་པའི་སྐབས་སུའང་ཚོགས་གཙོས་ཞུས་པ་ཡིན། ང་ཚོའི་ཁ་གཏད་ལ་གདོང་ལེན་བྱེད་དགོས་པའི་དུས་ཚོད་དེ་ཉུང་བ་དང་། ང་ཚོ་ནང་ཁུལ་དུ་གཙང་མ་བཟོ་རྒྱུ་དང་གདོང་ལེན་བྱེད་དགོས་པ་དེ་མང་བ་ཆགས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད་པ་རེད། འདི་འདྲའི་རྒྱུ་མཚན་གྱིས་གནད་དོན་གསུམ་གྱི་ནང་ནས་གཅིག་དེ་དང། ༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་ལ་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་སྐུ་དབང་རྩིས་སྤྲོད་གནང་ཡག་དང་། ཡང་ན་བར་བརྒལ་གྱི་སྲིད་གཞུང་གིས་གཞུང་འཛིན་རྒྱུའི་གནས་སྟངས་བྱུང་ཡོད་པ་མ་རེད། ཡིན་ན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་སྐུ་འཚོ་བཞུགས་ཡིན་ཡང་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་དང་པོ་རེད། དེ་ལ་ཧ་ཅང་གི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་རེད་སྙམ་གྱི་ཡོད་ལ། ངས་ནམ་རྒྱུན་སྤྱི་ཚོགས་སུའང་ལབ་བཞིན་ཡོད། དཔེར་ན་ད་ལྟའི་སྲིད་སྐྱོང་སྐབས་དེའི་བཀའ་བློན་ཁྲི་པར་བདམས་ཐོན་བྱུང་ནས། དམ་བཅའ་མ་ཕུལ་གྱི་གོང་དུ་ངེད་གཉིས་ Washington D.C དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ John Boehner མཆོག་དང་། ཚོགས་གཙོ་ཟུར་པ་ Nancy Pelosi དེ་བཞིན་ཚོགས་ཆུང་གལ་ཆེན་པོ་ལྔ་ཡི་ཚོགས་གཙོས་ཕ་གིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་མཇའ་འཕྲད་ཞུ་བའི་སྐབས་སུ་ངེད་གཉིས་ཀྱི་ལག་པ་ནས་བཟུང་སྟེ། གང་ལྟར་ཕ་ཡིས་བུ་སྐྱོང་གི་ཡོད་པ་བཞིན་གནང་ནས་དེ་འདྲ་གནང་བ་རེད། དེ་འདྲ་ཞིག་མེད་པ་ཡིན་ན། ད་ལྟའི་ང་ཚོའི་གནས་སྟངས་འདི་གང་འདྲ་ཞིག་ཆགས་ཀྱི་རེད་དམ། གང་འདྲ་ཞིག་ཆགས་ཡོད་སྲིད་ཀྱི་རེད་དམ། དེར་བསམ་བློ་གཏོང་དགོས་ཀྱི་འདུག ཚོགས་གཙོ་དེང་སྐབས་ཕར་ཚུར་འགྲོ་བའི་སྐབས་སུའང་ལབ་ཀྱི་ཡོད། ཚོགས་གཙོའི་མིང་ཞིག་ཁྱེར་ནས་ང་གང་ཟག་སྒེར་སྤེན་པ་ཚེ་རིང་གང་ཡང་མ་རེད་ལ། སྤྱི་ཚོགས་ནང་གི་མི་ཆུང་ཆུང་ཞིག་ཡིན། སོ་སོས་སོ་སོ་ཆེན་པོ་མཐོང་མཁན་ཡང་མིན་ལ། ཆེན་པོའི་བྱེད་སྟངས་ཀྱང་ཤེས་ཀྱི་མེད། ཚོགས་གཙོའི་མིང་ཁྱེར་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་མི་སྣ་མཇལ་འཕྲད་བྱུང་བ་དང་བོད་དོན་གྱི་ཐོག་ལ་གསལ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་བར་དེ་འདྲའི་གྲུབ་འབྲས་ཕྲན་བུ་ཞིག་ཐོན་པ་ཡིན་ནའང་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཁོ་ན་ཡིན་སྙམ་གྱི་ཡོད་མ་གཏོགས་སོ་སོས་འཇོན་བཞག་པ་དྲན་གྱི་མི་འདུག སྲིད་སྐྱོང་མཆོག་ཡིན་ནའང་། ངེད་གཉིས་དེ་ཐད་གོ་བསྡུར་བྱུང་བས་ཁོང་གིས་ཀྱང་དེ་རང་ཡིན་གསུང་གི་འདུག དེ་འདྲ་ཞིག་གསོ་སྐྱོང་གནང་བས་དེ་འདྲའི་སྐུ་ལས་བསྐྱོན་མཁན་ཞིག་ལ་མཚན་སྨད་ཞུ་བ་དང་། སྐུར་འདེབས་ཞུ་རྒྱུ། ཆབ་སྲིད་ཤེས་ཀྱི་ཡོད་པ་མ་རེད་མདོག་མདོག སོ་སོས་ཞེ་པོ་ཅིག་འཇོན་གྱི་ཡོད་མདོག་མདོག དེ་འདྲའི་འཁྲུལ་སྣང་བྱས་ནས་ལྷག་བསྡད་ན་ང་ཚོའི་ལོ་རྒྱུས་སུ་ནོར་འཁྲུལ་ཆེ་ཤོས་ཤིག་ཆགས་ཀྱི་རེད། ད་ལྟ་༸རྒྱལ་བ་རིན་པོ་ཆེ་༸སྐུ་འཚོ་བཞུགས་ཡིན་པའི་སྐབས་ལ། ང་ཚོའི་འཛིན་སྐྱོང་ཡིན་ནའང་རེད། གྲོས་ཚོགས་ཡིན་ནའང་རེད། མང་གཙོའི་ལམ་ལུགས་ཡིན་ནའང་རེད། གང་སྤྱིའི་ཐད་ལ་དོ་ཕོག་ཕྲ་ལ་ཕྲན་བུ་ཐེབས་པ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ཀྱི་འོག་ཏུ་ང་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་མདོག་ཁ་པོ་མ་རེད། ཡིན་ནའང་༸རྒྱལ་བ་རིན་པོ་ཆེས་གྲ་སྒྲིག་གང་གི་ཆེད་དུ་གནང་གི་ཡོད་པ་རེད་དམ། ༸སྐུ་འཚོ་བཞུགས་མ་ཡིན་པའི་སྐབས་སུ་སྤྱི་ཚོགས་འདི་སྲ་བརྟན་ཡོང་རྒྱུ་ཞིག་དང་། འགྲོ་ལུགས་འགྲོ་སྟངས་ཚད་དང་ལྡན་པ་དེ་འདྲ་ཞིག་གི་ཐོག་ལ་འགྲོ་ཐུབ་ན་དགོངས་ནས་ཐུགས་རེ་བསྐྱོན་ཏེ་ད་ཆ་འདི་ལྟར་གནང་བཞིན་པ་སོང་ཙང་། དེ་ལྟའི་གོ་སྐབས་དེ་དག་ང་ཚོས་བེད་སྤྱོད་ལོག་པར་ཕྱིན་ཏེ་འཐབ་རྩོད་ཀྱི་ནུས་པ་དང་ཆིག་སྒྲིལ་གྱི་ནུས་པ། གང་སྤྱིའི་ཐོག་ལ་སྐྱོན་ཞིག་ཆགས་པ་ཡིན་ན། ང་ཚོ་སོ་སོ་སོ་སོ་ནང་པ་ཞིག་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་ལའང་འགྲོ་གི་མེད་པ་དེ་གསལ་པོ་རེད། ལོ་རྒྱུས་ཀྱི་ཐོག་ཏུ་ནག་ཐིག་ཆེན་པོ་ཞིག་ལ་འགྱུར་མ་སྲིད་པ་མིན་པ་སོང་ཙང་ད་ལྟ་དེ་ཞུ་རྒྱུའི་འདོད་པ་བྱུང་། དེར་བརྟེན་ད་ཕྱིན་ཆད་ཀྱི་ལས་ཀ་བྱེད་སྟངས་ཀྱི་ཐོག་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་མཇུག་སྡོམ་གྱི་གཏམ་བཤད་ཀྱི་ནང་དུ་ཞུ་རྒྱུའི་གཙོ་བོ་དེ་ཡིན།

དེ་ནས་ད་ལྟ་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་རྒྱག་བཞིན་པའི་གནས་སྐབས་སུ་གྲོས་ཚོགས་ཚོགས་ཐེངས་གསུམ་བཀའ་ཤག་གི་ཚོགས་ཁང་འདིའི་ནང་དུ་ཚོགས་དགོས་བྱུང་བ་རེད། གྲོས་ཚོགས་ཚོགས་དུས་རྗེས་མ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པ་ཉམས་གསོ་དང་གསར་རྒྱག་བྱེད་བཞིན་པ་དེ་རང་གི་ནང་ལ་འཚོགས་ཐུབ་ཀྱི་རེད། དེ་ཡིན་པ་སོང་ཙང་གྲོས་ཚོགས་ཚོགས་དུས་གསུམ་པོར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མཐུན་འགྱུར་གནང་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་རེད། དེ་བཞིན་བཀའ་དྲུང་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་ཚོས་མཐུན་འགྱུར་གནང་བ་དེ་དག་ཚང་མར་ཐུགས་རྗེ་ཞུ་རྒྱུ་དང་། ལྷག་པར་དུ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རེད། དུས་རྒྱུན་དུ་ནས་ཞུ་བཞིན་ཡོད་པ་རེད། གྲོས་ཚོགས་འཚོགས་པའི་སྐབས་ལ་རྡ་རམ་ས་ལར་ཁོང་ཚོ་ལས་བྲེལ་བ་ཚ་བ་ཡོད་པ་མ་རེད། མཚན་མོའི་ཆུ་ཚོད་ ༡༡ དང་ ༡༢ བར་དུ་ཡིན་ནའང་བཞུགས་དགོས་པའི་གནས་སྟངས་དང་། ལྷག་པར་དུ་དྲུང་ཆེ་ལྟ་བུར་ཆ་མཚོན་ན། འགན་དཔེ་མི་སྲིད་པའི་ཆེན་པོ་དང་ཡག་པོ་བཞེས་གནང་གི་འདུག དེ་དག་ལ་ད་རེས་ཀྱི་གྲོས་ཚོགས་འདི་བརྒྱུད་དེ་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས་སྐབས་ ༡༥ པའི་བོད་མི་མང་གྲོས་ཚོགས་ཚོགས་དུས་ ༦ པ་འདི་ཚོགས་གཙོ་སྦྲེས་པོའི་ངོས་ནས་དོན་དང་ལྡན་པ་ཞིག་བྱུང་བ་ཞིག་ལ་ངོས་འཛིན་ཞུས་པའི་ཐོག་ནས་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་དེ་འདི་ནས་མཚམས་འཇོག་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༦ པ་གྲོལ་བའི་གསལ་བསྒྲགས་ཞུ་བཞིན་ཡོད།