ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོར་ཕེབས་པ།

 

 

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༡ ཉིན་དྷ་ས་མངའ་རིས་དབུས་སྤྱི་ཁྱབ་ཚོགས་ཁང་དུ་མངའ་རིས་སྤྱི་མཐུན་

ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་ཡོད་པ་དང་། དེ་ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠

ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར་ཕེབས་

ཡོད་པ་དང་། དེའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་འགའ་ཤས་དང་། ས་གནས་རང་བདེན་ཚོགས་ཆུང་

དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྤྱི་མཐུན་

ཚོགས་པའི་དབུས་རྒྱུན་དང་། ཕྱོགས་མཐའི་ས་གནས་རྒྱུན་ལས་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་

འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་མར་མེ་ཞལ་འབྱེད་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་

ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་

བའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས།

དེ་ནས་དབུས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་

ཞུས་རྗེས་སྤྱི་མཐུན་ཙོགས་པའི་ཚོགས་གཙོ་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ད་ཡོད་བཙན་

བྱོལ་བོད་མིའི་སྒྲོམ་གཞི་གང་ཡོད་དང་། རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཇི་ཡོད་རྣམས་གཙོ་

བོ་༸གོང་ས་མཆོག་གི་བཀའ་དྲིན་ཡིན་པས། ཕྱི་ནང་གི་མི་སུ་ཞིག་གིས་ཀྱང་༸གོང་ས་མཆོག་ཐུགས་ཕམ་

ཡོང་གཞིའི་ལས་དོན་བྱེད་པོ་ཡོངས་ལ་ཚོགས་པ་ནས་འབྲེལ་ལམ་མཐའ་གཅིག་ཏུ་བྱ་རྒྱུ་མིན་ལ་ཚོགས་

པའི་ངོས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་མི་འགལ་བའི་དམ་བཅའ་ཞུ་རྒྱུ་སོགས་ཚོགས་

ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ས་གནས་དང་དབུས་རྒྱུན་ཟུར་པ་རྣམས་ལ་ཕྱག་རྟགས་

ཁག་གནང་སྟེ་མངའ་རིས་སྤྱི་མཐུན་ཚོགས་པའི་ས་གནས་ནས་ལ་དྭགས་སུ་གངས་སྐྱོན་བྱུང་བ་རྣམས་ཀྱི་

ཆེད་ཞལ་འདེབས་བསྡུ་བཞེས་བྱུང་བ་ཧིན་སྒོར་འབུམ་བཞི་སྤྱི་འཐུས་ཚོགས་གཙོ་མཆོག་བརྒྱུད་ནང་སྲིད་

ལས་ཁུངས་སུ་གནང་བ་དེ་བཞིན་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ནང་སྲིད་ལས་ཁུངས་

སུ་འབུལ་རྒྱུར་བཞེས་གནང་བ་རེད། ཚོགས་གཙོ་མཆོག་གིས་དབུས་རྒྱུན་ཟུར་པ་རྣམས་ལ་ཕྱག་འཁྱེར་

གནང་སྟེ་གསུང་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་

བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། མངའ་རིས་སྤྱི་འཐུན་ཚོགས་པ་འདི་མི་འབོར་དང་ས་ཁྱོན་གྱི་ཆ་ནས་གལ་

ཆེན་པོ་ཆགས་ཀྱི་ཡོད། ལྷག་པར་སྒྲིག་འཛུགས་ནང་ལས་དོན་བྱེད་ཕྱོགས་རྙོག་གྲ་མེད་པར་ལྷིངས་འཇགས་

པོར་སོང་། ད་རེས་ཚོགས་ཆེན་འདི་ནས་ཚོགས་པའི་རྒྱུན་ལས་གསར་འདེམས་ཞུ་གི་ཡོད། མངའ་རིས་སྤྱི་

མཐུན་ཚོགས་པ་ཙམ་མིན་པར་བོད་སྤྱི་དོན་ལ་སྨན་པའི་ལས་ཀ་བྱེད་ཐུབ་མཁན་གྱི་ཚོགས་པའི་དམིགས་

དོན་གཞིར་བཟུང་ལས་དོན་སྒྲུབ་མཁན་གྱི་རྒྱུན་ལས་གསར་འདེམས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད།

རྣམ་པ་ཚོས་ཉིན་བཞིའི་རིང་གི་ཚོགས་འདུའི་ནང་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་ཆོས་སྲིད་

གང་ཡིན་ཡང་ཕྱག་ལེན་འཁྱེར་ཐུབ་རྒྱུར་འབད་བརྩོན་གནང་རོགས་ཞུ་རྒྱུ་དང་། བོད་ནང་ག་ཛ་དྲག་

གནས་སྟངས་ཐོག་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་དོ་སྣང་ཆེ་རུ་ཕྱིན་ཡོད།

ལྷག་པར་བོད་དང་ཡུ་གུར། སོག་པོ་གཙོས་གྲངས་ཉུང་མི་རིགས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད།

དེ་བཞིན་རྒྱ་ནག་དཔོན་རིགས་བསམ་བློ་གུ་ཡངས་པ་ཚོས་བོད་ཀྱི་དཀའ་རྙོག་སེལ་དགོས་པའི་རྣམ་འགྱུར་

ཞིག་ཐོན་གྱི་ཡོད་ནའང་། མཁྲེགས་བཟུང་གི་སྲིད་བྱུས་འཛིན་མཁན་དཔོན་རིགས་ཚོ་ནུས་པ་ཆེ་དྲག་སྟེ་གུ་

ཡངས་སྲིད་བྱུས་འཛིན་མཁན་གྱི་ནུས་པ་ཉམས་དམས་སུ་འགྲོ་གི་ཡོད་པའི་གནས་སྟངས་འོག  རྒྱ་ནག་གི་

སྲིད་བྱུས་འཛིན་སྟངས་དོ་དམ་དུ་འགྲོ་གི་ཡོད་པའི་གནས་སྟངས་མཐོང་གི་འདུག  དེར་བརྟེན་ཁྱེད་རྣམ་

པས་བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་པའི་ཐོག་ནས་གོ་བསྡུར་ལྷུག་གླེང་གནང་རྒྱུའི་རེ་འདུན་

ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དབུས་རྒྱུན་ཟུར་པ་བསོད་ནམས་བཟང་པོ་ལགས་

ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་ཆེན་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་རེད།