༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྩ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རྣམ་པས་བོད་དོན་ཞུ་སྐུལ་གྱི་ཉིན་གཉིས་པར་རྒྱ་གར་གྱི་སའི་ཚན་རིག་གི་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་དང་། རྒྱ་གར་ཟུར་བསལ་རིགས་སྡེའི་ཚོགས་ཆུང་གི་ཚོགས་གཙོ་ (Chairman of the National Commission for Scheduled Castes) སྐུ་ཞབས་ Vijay Sampla མཆོག་དང་ཚོགས་གཞོན་དེ་བཞིན་ཚོགས་མི་རྣམ་པ་གཉིས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tabir Gao མཆོག་དང་ལྕམ་སྐུ་ Pratibha Singh མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Syed Naseer Hussain མཆོག་དང་སྐུ་ཞབས་ Ashok Bajpai མཆོག སྐུ་ཞབས་ Naresh Bansal མཆོག་བཅས་མཇལ་འཕྲད་གནང་སོང་།
རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tabir Gao མཆོག་དང་ལྷན་མཇལ་འཕྲད་གནང་སྐབས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R. Khrimey མཆོག་ནས་མཉམ་བཅར་ཞུས་པ་དང་། ཚོགས་འདུའི་སྐབས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བཀྲ་ཤིས་བདེ་སྐྱིད་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཆོས་དབྱིངས་ལགས་ཀྱང་མཉམ་བཅར་ཞུས་ཡོད་འདུག
གོང་གི་གནད་ཡོད་མི་སྣ་མཉམ་མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྐུ་ཚབ་ནས་ལོ་རྒྱུས་ཀྱི་བདེན་དཔང་གཞི་རྩར་བཟུང་སྟེ། ལོ་རྒྱུས་ཐོག་བོད་འདི་བཞིན་རང་བཙན་གཙང་མའི་བདག་དབང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཙན་འཛུལ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་གྲངས་ཉུང་མི་རིགས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་པ། དེ་བཞིན་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་བརྗོད་པའི་རྒྱ་གཞུང་གི་རྫུན་གཏམ་ལ་རྒྱབ་སྐྱོར་མི་བྱ་རྒྱུའི་ནན་སྐུལ་ཡང་ཞུས་འདུག རྒྱ་གཞུང་གི་རྫུན་གཏམ་དེར་རྒྱབ་སྐྱོར་བྱེད་པ་དེ་ནི་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་། བོད་མི་རྣམས་དབང་འོག་ཏུ་འཇུག་པ། དེ་བཞིན་རྒྱ་བོད་དབར་གྱི་དཀའ་རྙོག་འདི་གྲོས་མོལ་ལམ་ནས་སེལ་རྒྱུའི་གོ་སྐབས་མེད་པ་བཅས་ཀྱི་རྒྱུ་རྐྱེན་ཡིན་ལུགས་བརྗོད་འདུག
ད་དུང་སྐུ་ཚབ་རྣམ་པས་གནད་ཡོད་མི་སྣ་ཚོར་རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་བསྔོག་འདོན་བྱེད་བཞིན་པའི་སྲིད་བྱུས་ངན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚན་པ་ (UNFCC) ངོས་ནས་ཚན་རིག་གི་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་གནང་དགོས་པའི་རེ་སྐུལ་ཡང་ཞུས་འདུག་པ་མ་ཟད། རྒྱ་ནག་གི་སྲིད་བྱུས་ངན་པ་དེས་རྐྱེན་པས་གོ་ལའི་ཚ་དྲོད་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པ་ཡང་ཞུས་ཡོད་འདུག
རྒྱ་ནག་གི་སྲིད་དབང་སྒེར་འཛིན་རིང་ལུགས་དང་གནས་ཚུལ་རྗུན་བཟོ་རྐྱེན་པས་དཀའ་ངལ་ཇི་བྱུང་གསལ་འདོན་སྐུ་ཚབ་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་སྒྲིག་གཞི་ཞིག་འཛུགས་རྒྱུའི་གྲོས་འཆར་བཏོན་འདུག སྒྲོམ་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་མང་གཙོའི་སྒྲིག་འཛུགས་ཁག་ལ་མང་ཚོགས་ཀྱིས་ཡིད་ཆེས་མི་བྱེད་པ་དེར་ཁ་གཏད་གཅོག་རྒྱུ་དང་། སྲིད་དོན་གྱི་ཁ་གཏད་དུ་འགྱུར་བའི་གནས་སྟངས་ཇེ་ཉུང་དུ་གཏོང་རྒྱུ། མངའ་ཁུལ་དང་འཛམ་གླིང་གི་ཆབ་སྲིད་བརྟན་བརླིང་དང་ཞི་བདེ་བཅས་ལ་ཉེན་ཁ་སྤྲོད་རྒྱུ་བཅས་ཡིན། (address threats to regional and global geopolitical stability and peace)
སྐུ་ཚབ་རྣམ་པས་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ཕྱི་འབྲེལ་ལས་དོན་བྱེད་ཕྱོགས་རྣམས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་གི་ཡོད་པ་བཞིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་། མུ་མཐུད་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས།