ཚེ་རིང་གཡུ་སྒྲོན་ལགས་ནས་མདོ་སྨད་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ།

མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་འདས་གྲོངས་སུ་གྱུར་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་སྐབས་ ༡༥ པའི་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་ཁོངས་ནས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། དེ་རིང་ཟླ་ ༡༠ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་ཚེ་རིང་གཡུ་སྒྲོན་ལགས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་པ་དང༌། སྤྱི་འཐུས་ཚོགས་གཞོན་དང་རྒྱུན་ལས་རྣམ་པ་དམ་འབུལ་མཛད་སྒོར་མཉམ་ཞུགས་གནང་ཡོད།

མཛད་སྒོ་གྲུབ་འཕྲལ་ཚོགས་གཙོ་བགྲེས་གཞོན་དང་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ལ་རྟེན་འབྲེལ་མཇལ་དར་བསྒྲོན་འབུལ་དང་། ཚོགས་དྲུང་ལས་ཁུངས་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད།

ཚེ་རིང་གཡུ་སྒྲོན་ལགས་གྱིས་ ༡༩༨༣ ནས་ ༡༩༩༡ བར་ལོ་ངོ་དགུ་ཙམ་གྱི་རིང་ MYRADA PLAN མཱ་ར་ཌ་རོགས་ཚོགས་ལས་ཁང་ནང་ལོ་གསུམ་དྲུང་ཡིག་གི་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན། ལོ་གསུམ་རིང་གློག་ཀླད་དང༌། སྦྱིན་བདག་འབྲེལ་མཐུད་སྡེ་ཚན་བཅས་སུ་ཞབས་འདེགས་ཞུས། ༡༩༩༢ ནས་ ༢༠༠༡ བར་ཧུན་སུར་རབ་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་གྱི་འགན་འཛིན་PROJECT OFFICER  ལོ་ངོ་དགུ་ཙམ་ཞུས། དེ་དང་ཆབས་ཅིག ༡༩༩༡ ནས་ ༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེའི་རྗེས་སླར་ཡང་ ༡༩༩༨ ནས་ ༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་ཏུ་ ༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ལས་འཁུར་ལོ་གསུམ་ཞུས། ༢༠༠༠ ནས་ ༢༠༠༢ བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དེ་དང་ཆབས་ཅིག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་སུ་དངུལ་གཉེར་དང༌།  ༢༠༠༤ ཟླ་ ༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ། ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་རབ་ཅིག་སྤེལ་རྩོམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་ཐོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་བ་ ༤ པ་ནས་ཧུན་སུར་རབ་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གི་འོས་ཤོག་ཐོན་ཅིང༌། དེའི་ཚོགས་གཙོར་འདེམས་ཐོན་བྱུང་སྟེ་ཞབས་ཞུ་བྱས། ༢༠༠༦ ཟླ་ ༦ ནས་སྐབས་ ༡༤ པའི་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་སུ་བོད་མི་མང་སྤྱི་འཐུས་ལ་འོས་འདེམས་བྱུང་བ་དང། ད་ལྟ་སྐབས་ ༡༥པའི་སྤྱི་འཐུས་འདེམས་ཐོན་བྱུང་ཡོད།

Menu