༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༤ ཉིན་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མོན་ཡུལ་འབུམ་སྡེ་ལ་འབུམ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བར་རབ་གནས་དབུ་འབྱེད་མཛད་གནང་སོང་།
དེ་ཡང་མཛད་སྒོའི་ཐོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཊ་པིར་ གྷའོ་ (Shri Tapir Gao, Co-Chair of APPFT and MP Lok Sabha) མཆོག བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག ཨ་རུ་ན་ཅལ་མངའ་སྡེའི་གཞུང་གི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག ས་གནས་སེར་སྐྱ་མི་མང་བཅས་ཕེབས་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་གནད་ཡོད་སྐུ་མགྲོན་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ཐོག་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་རང་བཞིན་འདི་ལྟ་བུའི་ཐོག གཙོ་བོ་བསྟན་འཛིན་གྱི་སྐྱེས་བུ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཐུགས་བསྐྱེད་དང་མཛད་འཕྲིན་ལ་བརྟེན་ནས་འབུམ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་ཕྱི་ནང་ཡོངས་སུ་བཀོད་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་ང་ཚོའི་མིག་ལམ་དུ་མངོན་ཐུབ་པ་ནི་སྤྱི་ཡོངས་ཀྱི་འགྲོ་བའི་བསོད་ནམས་དང་། དེ་བཞིན་བསྟན་འགྲོའི་ཕན་བདེ་རྒྱ་ཆེ་འབྱུང་བའི་གཞི་ལྟ་བུ་ཞིག་ཆགས་བསྡད་ཡོད་དུས། ཐོག་མར་གུ་རུ་སྤྲུལ་སྐུ་རིན་པ་ཆེ་མཆོག་གིས་དབུས་པའི་འབྲེལ་ཡོད་གྲྭ་ཚང་གི་འགན་ཁུར་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུ་ཡིན།
གུ་རུ་སྤྲུལ་སྐུ་རིན་པོ་ཆེ་ལྟ་བུར་མཚོན་པ་ཡིན་ན། ༧རྒྱལ་དབང་ལྔ་པའི་སྐབས་ནས་བཟུང་སྟེ་སྐུ་སྐྱེ་གོང་མ་རྣམས་ནས་ད་བར་གཙོ་བོ་ལྷོ་མོན་ཕྱོགས་ལ་བསྟན་པའི་བྱ་བའི་ཐོག་ལ་ཞབས་ཏོག་ཞུས་པ་དང་། ད་ལྟའི་སྐུ་ཐོག་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཡིན་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་སྟེ། ཐོག་མར་རྡ་རམ་ས་ལའི་མཚན་ཉིད་གྲྭ་ཚང་ནང་སློབ་སྦྱོང་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ལ་སློབ་གཉེར་མཐར་ཕྱིན་གནང་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་རྗེས། མོན་རྟ་དབང་དགོན་པའི་མཁན་པོ་གནང་བ་དང་།
ལྷག་པར་དུ་དེ་རིང་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་རྟེན་དང་བརྟེན་པ་བཅས་པའི་གཙུག་ལག་ཁང་ཆེན་པོ་དེ་འདྲ་བ་ཞིག་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད་རེད། ཁོང་ཉིད་སྐུ་ན་གཞོན་པའི་དུས་སློབ་སྦྱོང་ཐོག་ལ་དུས་ཚོད་བཏང་བ་དང་། དགུང་ལོ་སྨིན་དུས་བསྟན་འགྲོའི་མཛད་འཕྲིན་སྐྱོང་བ། ལྷག་པར་དུ་ལྷོ་མོན་དང་། བོད་ཀྱི་སྤྱི་ཚོགས་ཀྱི་དབར་ལ་ངོ་ཚབ་མཚོན་ཐུབ་པའི་བསྟན་འཛིན་གྱི་སྐྱེས་བུ་གལ་ཆེན་པོ་ཞིག་ཆགས་བསྡད་དུས། རིན་པོ་ཆེ་མཆོག་གི་འདས་པའི་མཛད་འཕྲིན་ལ་བརྟེན་ནས། མ་འོངས་པའི་མཛད་འཕྲིན་དག་འབད་མེད་ལྷུན་འགྲུབ་ཡོང་རྒྱུ་དང་། མཛད་འཕྲིན་དེ་དག་སྔར་ལྷག་རྒྱ་ཆེ་རུ་ཡོང་རྒྱུའི་ཚོད་དཔག་བྱེད་ཐུབ་རྒྱུའི་གནས་སྟངས་ཆགས་བསྡད་ཀྱི་འདུག་པར། དེ་ཡིན་དུས་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་བསྟན་འགྲོའི་དོན་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།
དེ་བཞིན་གཙུག་ལག་ཁང་ཆེན་པོ་དེ་འདྲ་བ་ཞིག་མཇལ་རྒྱུ་དེ་ལས་སླ་པོ་ཞིག་ཡོད་མ་རེད། དེར་མཐུན་འགྱུར་མང་པོ་ཞིག་དགོས་ཀྱི་ཡོད་པས། གཙོ་བོ་དད་ལྡན་སྦྱིན་པའི་བདག་པོ་མང་པོ་ཞིག་གི་ཐོག་ནས་འབྲེལ་ཐོགས་གནང་ནས་དེ་འདྲ་བྱུང་བ་ཞིག་ཡིན་དུས། གོང་དུ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར་རེད། རྗེ་བཙུན་མི་ལ་རས་པའི་གསུང་ནང་། ཕུག་ན་བཞུགས་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱས་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། གཙུག་ལག་ཁང་འདིའི་རྟེན་དང་བརྟེན་པ་བཅས་པའི་ཐོག་ནས་བསྟན་འགྲོ་སྤྱི་ལ་ཕན་ཐོགས་རྒྱུའི་ཐུགས་སྨོན་མཚམས་སྦྱོར་གནང་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཕྱོགས་མཚུངས་རྒྱལ་སྲས་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར་འགྲོ་བའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས། དེར་དད་པ་ཙམ་མ་ཡིན་པར་སློབ་སྦྱོང་གནང་ནས་སེམས་གཏིང་ནས་དད་བཀུར་དང་། དེའི་ཐོག་ལ་སོ་སོའི་ངོས་ནས་ཞབས་འདེགས་ཞུ་ཐུབ་རྒྱུའི་འདུན་པ་སྐྱེ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་བཞིན་སློབ་དཔོན་དབྱིགས་གཉེན་མཆོག་གིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་པ་གསུངས་པ་ལྟར། རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་དེ་འདྲའི་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་པའི་གཙུག་ལག་ཁང་ཆེན་པོ་དེ་འདྲ་ཞིག་བྱུང་ཡོད་རེད། དེ་ཡིན་དུས་དེའི་ནང་བཞུགས་མཁན་དགེ་འདུན་པ་རེད། གྲྭ་ཚང་གི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་ཡ་མ་བྲལ་བ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།
དེང་སང་འཛམ་གླིང་སྤྱི་ཡོངས་ནས་བལྟས་ཡོང་དུས། ནང་ཆོས་ནི་འགྲོ་བའི་སྡུག་བསྔལ་འཇོམ་པའི་སྨན་གཅིག་པུ་འདྲ་པོ། འཛམ་གླིང་ཞི་བདེའི་ཐོག་ལ་ཕན་ཐོགས་ཐུབ་པའི་རིག་གཞུང་ལྟ་བུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་འདི་འཛམ་གླིང་གི་གཅེས་ནོར་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་ལྟར། འཛམ་གླིང་ནང་ཕན་ཐོགས་ཐུབ་རྒྱུའི་རིན་ཐང་ལྡན་པའི་རིག་གཞུང་ཞིག་ཆགས་བསྡད་ཡོད་རེད། དེ་ཡང་བོད་ཀྱི་སྐད་ཡིག་ནང་བཀའ་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པ་དང་། ད་ལྟའི་དུས་ཚོད་ལ་མདོ་སྔགས་ཆ་ཚང་བར་ཞིབ་འཇུག་བྱས་ཡོང་དུས། བོད་ཀྱི་སྐད་ཡིག་གཅིག་པུར་མ་གཏོགས་མདོ་སྔགས་ཆ་ཚང་བ་ཞིག་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་བོད་ཀྱི་སྐད་ཡིག་གི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་དགོས་པ་དེ་གྲྭ་ཚང་གི་འབྲེལ་ཡོད་ཚང་མས་འགན་ཁུར་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད། དེས་སོ་སོའི་མི་ཚེའི་ནང་ལོགས་ལ་བདེ་སྐྱིད་འབྱུང་བ་ཙམ་མ་ཟད། འགྲོ་བ་སྤྱི་ལའང་ཕན་ཐོགས་ཐུབ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་བཞེས་པའི་མཆོད་འཕྲིན་བླ་ན་མེད་པ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་མ་འོངས་པར་དེ་འདྲའི་དགོངས་པ་བཞེས་ནས་ཕྱག་ལས་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།
དེ་རིང་གཙུག་ལག་ཁང་དབུ་འབྱེད་མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། འབྲེལ་ཡོད་མངའ་སྡེའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཕེབས་བསྡད་འདུག ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་༸གོང་ས་མཆོག་མོན་རྟ་དབང་བརྒྱུད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་དང་། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༥ ཙམ་འགྲོ་ཡི་ཡོད་པ་དང་། ཡིན་ནའང་རྒྱ་གར་དང་། བོད་དབར་གྱི་འབྲེལ་བ་དང་། ལྷག་པར་དུ་ཨ་རུ་ན་ཅལ་མངའ་སྡེའི་གཞུང་མང་གཉིས་དང་། བོད་དབར་དམིགས་བསལ་གྱིས་འབྲེལ་བ་ཆགས་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་ཀྱི་ཆོས་དང་། རིག་གཞུང་། བོད་དོན་ཐོག་ལ་རྒྱུན་དུ་ཐུགས་འགན་བཞེས་བསྡད་ཀྱི་ཡོད་རེད། མངའ་སྡེ་འདི་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་གྷའོ་(Tapir Gao)མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་། སྐུ་ཞབས་ཨར་ཀེ་ཁེར་མི་ (R. k. Khrimey) མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཐུགས་འགན་བཞེས་བསྡད་ཡོད་རེད།
ཁ་སང་མངའ་སྡེའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མང་པོ་ཞིག་གི་འབྲེལ་ཡོད་མི་སྣ་ཐུག་རྒྱུ་བྱུང་སོང་། ཚང་མའི་ངོས་ནས་སེམས་ཁུར་དང་། མ་འོངས་པར་བོད་ཀྱི་ཆོས་དང་། རིག་གཞུང་། ཆབ་སྲིད་ཐོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་རྒྱུའི་འདུན་པ་ཆེན་པོ་འདུག དེ་བཞིན་མངའ་སྡེ་འདིའི་ནང་བོད་པའི་གཞིས་ཆགས་ཁག་མང་པོ་ཞིག་ཡོད་པ་རེད། མངའ་སྡེའི་མཐུན་འགྱུར་མང་པོ་ཞིག་བསྟུན་དགོས་དུས། མངའ་སྡེའི་གཞུང་མང་དང་། བོད་མིའི་དབར་ཕན་ཚུན་ཡིད་ཆེས་དང་ལྡན་པའི་ཐོག་ནས་མུ་མཐུད་འབྲེལ་བ་དམ་ཟབ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་དེ་རིང་གོ་སྐབས་འདི་བརྒྱུད་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། དེ་བཞིན་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་མཛད་འཕྲིན་རླབས་ཆེན་རྒྱས་ཐུབ་པའི་སྨོན་འདུན་ཞུ་རྒྱུ། ཐུབ་མཆོག་དགའ་ཚལ་གླིང་གི་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་མཐའ་དག་གེགས་མེད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་སྙན་སྒྲོན་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ། གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཊ་པིར་ གྷའོ་མཆོག་བཅས་ནས་གསུང་བཤད། སྐུ་མགྲོན་རྣམས་ལ་དྲན་རྟེན་ཕྱག་རྟགས་ཕུལ་བ། གཙུག་ལག་ཁང་གི་སྦྱིན་བདག་རྣམས་ལ་ཆེ་བསྟོད་ཕྱག་རྟགས། ཕྱག་དེབ་དབུ་འབྱེད། རིག་གཞུང་གཞས་སྣ་འཁྲབ་སྟོན་བཅས་གནང་སོང་བ་བཅས།