མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༧ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་ལ་ཞབས་སོར་བདེ་བར་འཁོད་རྗེས་མོན་ཡུལ་སེར་སྐྱ་མི་མང་ཡོངས་ལ་དམ་ཆོས་བདུད་རྩི་ཐོག་མར་སྩལ་ནས་ལོ་ངོ་ ༦༥ འཁོར་བ་དང་། དེ་བཞིན་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་རིག་འཛིན་ཚང་དབྱངས་རྒྱ་མཚོ་མཆོག་མོན་ཡུལ་ལ་༧སྐུ་འཁྲུངས་ནས་ལོ་ངོ་ ༣༤༡ འཁོར་བའི་དུས་ཚིགས། མགོན་པོ་གང་ཉིད་མཆོག་བོད་ལུགས་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་ (Shri Tapir Gao, Co-convener of All Party Indian Parliamentary Forum for Tibet) མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་ཤེས་རིག་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པ་སངས་རྡོ་རྗེ་ (Shri Pasang Dorjee Sona, Minister for Education and Tourism, Arunachal Pradesh) མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། མོན་དང་ས་གནས་བོད་མི་མང་ཚོགས་བཅས་ཕེབས་འདུག


སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་མཛད་སྒོའི་ཐོག་ལ་ཆིབས་བསྒྱུར་གནང་བའི་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་རྣམ་པ་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་འབྲེལ་ཡོད་མངའ་སྡེའི་གནད་ཡོད་མི་སྣ་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་རིང་འདིར་ཆེད་དུ་ཕེབས་མཁན་མོན་གྱི་མང་ཚོགས་ཡོངས་ལ་ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག མཛད་སྒོ་དང་འབྲེལ་བའི་ཐོག་ནས་ཚིག་ཁ་ཤས་ཤིག་ཞུ་རྒྱུའི་མཛད་རིམ་ནང་བཀོད་འདུག དེ་ཡིན་དུས། རྩ་བའི་མོན་དང་། བོད་དབར་གྱི་འབྲེལ་བ་དེ་བཞིན་གོང་དུ་གསུང་བཤད་གནང་བ་གཞིར་བཟུང་རེད། འབྲེལ་ལམ་དམ་ཟབ་ཡོད་པ་གང་ཞིག་ང་ཚོའི་དབར་ཆོས་དང་རིག་གཞུང་གཅིག་གྱུར་གྱི་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། ལྷག་པར་དུ་དེ་རིང་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་མ་སྐུལ་དང་བླངས་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་བརྒྱུད་དེ་རིང་ང་ཚོ་ཚང་མར་གསེར་ཞལ་མཇལ་རྒྱུའི་བསྐལ་བ་བྱུང་བ་རེད། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། མོན་ཡུལ་དབར་དམ་ཚིག་གཙང་མ་ཡོད་པ་དང་། དེ་རིང་གི་དུས་ཚོད་འདྲ་ཡིན་ན་དམ་ཚིག་སྨིན་བཞག་པ་འདྲ་པོ། ཚང་མས་དང་བ་ཆེན་པོས་ཡིད་སྨོན་ཞུ་དགོས་པ་ཞིག་བྱུང་སོང་། དེ་ཡིན་དུས། དེ་རིང་གོ་སྐབས་འདི་བརྒྱུད་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་འབྲེལ་ཡོད་ཡོངས་ལ་ངས་བོད་མི་མང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


དེ་རིང་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་བ་དེ་བཞིན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། དེ་ཡང་༧སྐྱབས་མགོན་རིན་པོ་ཆེ་བོད་ལུགས་བརྩིས་པ་ཡིན་ན། དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་རེད། དུས་ཚོད་འདིའི་རིང་ལ་སྟབས་མི་ལེགས་པ་ཞིག་ལ་བོད་ས་ཤོར་ནས་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩོན་ཆེན་པོས་འཛམ་གླིང་སྤྱི་ཡོངས་ནང་ཞི་བདེ་དང་། བྱེ་བྲག་ཏུ་བོད་ཀྱི་རྩ་དོན་རེད། དེའི་ནང་ནས་ཧི་མ་ལ་ཡ་དང་། བོད་དབར་གྱི་ཆོས་རིག་གཞུང་གི་འབྲེལ་བའི་ཐོག་ནས་མཛད་པ་འཕྲིན་ལས་སྐྱོང་བཞིན་ཡོད་པ་རེད། ང་ཚོའི་རྩ་དོན་འཐབ་རྩོད་ཐོག་ལ་འཛམ་གླིང་ནང་ཚང་མས་རྒྱབ་སྐྱོར་ཚད་མཐོ་པོ་བྱུང་བསྡད་པ་དེ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། མགོན་པོ་གང་གི་བཀའ་དྲིན་ཉག་ཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ང་ཚོས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་དེ་རིང་མོན་གྱི་མང་ཚོགས་ལ་དཔེ་བལྟས་ཏེ། ང་ཚོ་བོད་མི་མང་ཚོགས་ཀྱི་ཐོག་ནས་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། སྐུ་ཚེ་ཡུན་རིང་བརྟན་རྒྱུར་གསོལ་འདེབས་ཞུ་རྒྱུ་དང་། རྣམ་དཀར་གྱི་དགེ་བ་བསྒྲུབ་རྒྱུ། དེ་བཞིན་དེ་ཚོ་དུས་ནས་དུས་སུ་དྲན་སྐུལ་ཞུ་རྒྱུ་དང་། སོ་སོའི་ངོས་ནས་ཀུན་སློང་དགེ་བའི་ཐོག་ནས་བློས་གཏོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།


ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལྟ་བུར་མཚོན་པ་ཡིན་ན། ང་རང་ཚོའི་ཆོས་དང་། རིག་གཞུང་ཐོག་ལ་ཧ་ཅང་གི་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལའང་ཧ་ལས་པའི་རྒྱབ་སྐྱོར་དང་། བོད་དོན་ཐོག་ལ་ཡིད་ཆེས་བྱེད་ཆོག་པའི་གནད་ཡོད་མི་སྣ་ཞིག་ཆགས་བསྡད་ཡོད་རེད། ཉིན་ཤས་སྔོན་ནས་ཁོང་བཞུགས་སྒར་དུ་ཕེབས་ཏེ་ཁ་སང་ང་ཚོ་ཕན་ཚུན་མཇལ་མོལ་གནང་རྒྱུ་བྱུང་སོང་། དེ་རིང་དངོས་སུ་འདིར་ཕེབས་ནས་བཀའ་སློབ་གསུང་བཤད་གནང་གི་རེད། དེ་ཚོ་ཚང་མ་སེམས་ལ་བཞག་ནས་མ་འོངས་པར་ཚང་མས་ལག་བསྟར་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། དེ་བཞིན་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་བསམ་དོན་ཚུལ་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས།