༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༨ ཉིན་མེག་སི་ཀོ་གྲོས་ཚོགས་ནང་སྐུ་ཞབས་སལ་ཝ་ཌོར་ ཁེ་རོ་ ཁེ་བྷི་རི་རཱ་ (Deputy Salvador Caro Cabrera) མཆོག་གིས་སྣེ་ཁྲིད་འོག་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་དང་། དེའི་ཉིན་རྗེས་མར་མེག་སི་ཀོའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མེག་སི་ཀོའི་གྲོས་ཚོགས་སུ་སླེབས་ཐབས་ཀྱི་འབད་བརྩོན་བྱས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་ངོ་རྒོལ་སྐྱོན་བརྗོད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པའི་དགོས་འདུན་བཏོན་འདུག
སྤྱིར་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། མི་སྒེར་བཅས་ལ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐོབ་ཐང་དང་འགན་འཁྲི་ཡོད་ཅིང་། ད་རེས་རྒྱ་ནག་གཞུང་གིས་ཁོང་རྣམ་པའི་གཞི་རྩའི་ཐོབ་ཐང་ཐོག་ཐེ་བྱུས་དང་། གནོན་ཤུགས་སྤྲད་པ་དེ་བཞིན་རྒྱལ་ཁབ་གཉིས་དབར་གྱི་ཕྱི་འབྲེལ་གྱི་ལམ་ལུགས་དང་འགལ་བ་མ་ཟད། བཟང་སྤྱོད་མེད་པའི་བྱེད་སྟངས་ཤིག་དང་། མང་གཙོོའི་ལམ་ལུགས་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད།
རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་སྐྱོན་བརྗོད་གནང་བར་སྐུ་ཞབས་སལ་ཝ་ཌོར་ ཁེ་རོ་ ཁེ་བྷི་རི་རཱ་ (Deputy Salvador Caro Cabrera) མཆོག་གིས་དགག་ལན་གནང་དོན་དུ། མེག་སི་ཀོ་གྲོས་ཚོགས་ནང་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་ཉིན་རྗེས་མར་རྒྱ་ནག་གཞུང་ཚབ་ཁང་གིས་མེག་སི་ཀོའི་གྲོས་ཚོགས་སུ་སླེབས་ཐབས་ཀྱི་འབད་བརྩོན་བྱས་པ་དང་། དེ་བཞིན་ཚོགས་ཁང་ནང་སླེབས་པ། ང་ཚོའི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད། ངའི་བསམ་པར། དེ་ནི་བོད་པའི་མི་མང་ལ་བཟང་སྤྱོད་ཀྱི་རྒྱལ་ཁ་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ད་ལྟ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཅིག་ཟེར་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལས་ལྡོག་སྟེ། ང་ཚོའི་རྩོད་དོན་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད། ཐུགས་རྗེ་ཆེ། བོད་ལ་རང་དབང་ཐོབ་པར་ཤོག་ཅེས་གསུངས་གནང་འདུག
བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ལ་ངོ་རྒོལ་སྡིགས་ར་བསྐུལ་བའི་གནས་ཚུལ་དེ་བཞིན་གསར་པ་ཞིག་མིན་པ་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ཕེབས་སྐབས་ཀྱང་དེ་ལྟར་ངོ་རྒོལ་གནང་ཡོད་པ་སོགས་ད་བར་གནས་ཚུལ་དེ་རིགས་མང་པོ་བྱུང་ཡོད།