མེག་སི་ཀོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་མེག་སི་ཀོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལི་ཌཡེ་ གྷར་སི་ ཨ་ནཱ་ཡཱ་ (Lidia Garcia Anaya) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌུལ་སེ་ མཱ་རཡེ་ (Dulce Maria Corina) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨི་ནེ་སི་ པཱ་རཱ་ ཇའོ་རེ་ཛི་ (Ines Parra Juarez) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ ཀ་རོ་ ཀེ་བྷི་རེ་ར་ (Salvador Caro Cabrera) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་སེ་ སལ་ཝ་ཌོར་ ཊོ་ཝར་ ཝར་གྷ་ས་ (Jose Salvador Tovar Vargas) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རཡེ་ ཨི་ལེ་ནཱ་ ལི་མོན་ གྷར་སི་ཡ་ (Maria Elena Limon Garcia) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་ ཊེ་རི་ས་ རོ་སའོ་ར་ ཨོ་ཆའོ་ མེ་ཇཱ་ (Ma Teresa Rosaura Ochoa Mejia) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ལེ་ཊ་ མེ་ཇཱ་ ཨི་བྷ་ནེ་ཛི་ (Julieta Mejia Ibanez) མཆོག གྲོས་ཚོགས་འཐུས་མི་ཨོསྐུ་ཞབས་ཊོ་ནེལ་ གྷར་སི་ཡ་ མོན་ཊེལ་ (Otoniel Garcia Montiel) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ལི་ཌི་ཡ་ པེ་རེ་ཛི་ བྷར་སི་ན་ས་ (Lidia Perez Barcenas) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་སིན་ཐེཡ་ ཨི་ལིཡ་ན་ ལོ་པེཛི་ ཀེསི་ཊོ་རོ་ (Cynthia Iliana Lopez Castro) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་སེ་ མི་གྷུལ་ ཌི་ ལ་ ཁར་ཛི་ ལི་མ་ (Jose Miguel De La Cruz Lima) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་རཱ་ ཨི་སཱ་བྷེལ་ ཨལ་ཧྥ་རོ་ མོ་ར་ལེ་སི་ (Maria Isabel Alfaro Morales) མཆོག་བཅས་ལས་གྲུབ་པའི་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དང་། ཕྱག་རོགས་ལས་བྱེད་རྣམ་པ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

དེ་ཡང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་མགྲོན་རྣམ་པ་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་དང་ལྷན་མཇལ་འཕྲད་གནང་ཞིང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེ་བཞིན་ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བསྒྲུབ་བྱའི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། དེ་རྗེས་སྤྱི་འཐུས་རྣམ་པ་དང་། མེག་སི་ཀོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དབར་བོད་ནང་གི་ད་ལྟའི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། གྲོས་ཚོགས་ཀྱི་ལས་རིམ་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།

མེག་སི་ཀོ་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ ཀ་རོ་ ཀེ་བྷི་རེ་ར་ (Salvador Caro Cabrera) མཆོག་གིས་མེག་སི་ཀོ་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སྤྱི་དང་། ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་སྐོར་དང་། བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས་གནང་རྗེས། སྐུ་ཞབས་ཁོང་གིས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །