མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་བཞུགས་སྒར་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་རྣམ་པ། སེར་སྐྱ་མི་མང་བཅས་ཕེབས་འདུག

སྐུ་མགྲོན་གཙོ་བོ་མཆོག་གིས་དུས་དྲན་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས་དེ་རིང་གི་ཉིན་མོར་མི་ལོ་ ༦༦ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ཁྱད་པར་ཅན་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་དམར་གཞུང་གི་དྲག་པོའི་དམག་དཔུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པའི་རྗེས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་བོད་མི་རིགས་བསྟན་སྲིད་དང་བཅས་པ་ཆགས་འཇིག་གི་གནས་སུ་གྱར་བཞིན་པའི་སྐབས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་ནས་དཔའ་ངར་ཞུམ་མེད་ཀྱིས་རྒྱ་དམར་བཙན་འཛུལ་བ་བོད་ནས་མཐར་སྐྲོད་གཏོང་ཆེད་ངོ་རྒོལ་གྱི་རྦ་རླབས་གཅིག་མཇུག་གཉིས་མཐུད་ཀྱིས་འཕྱུར་བཞིན་པའི་དུས་སྐབས་སུ། རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་སྒང་དཔའ་བོའི་ཁྱུ་ཚོགས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་གནང་བ་ཞིག་རེད།

བསྟན་སྲུང་དང་བླངས་དམག་བོད་ལྷོ་ཁ་ཁུལ་དུ་རྟེན་གཞི་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱིས་རྒྱ་དམག་ལ་འབུར་འཇོམས་དང་མཐར་བསྐྲོད་བྱས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་ཆོལ་གསུམ་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་ངོ་རྒོལ་གྱིས་ཞི་བའི་གྱེན་ལངས་བྱས་པ་དང་། དེ་ནས་ཉིན་བདུན་རྗེས་ལྷ་ས་ནོར་བུ་གླིང་ཁ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་སྐབས་ཀྱང་བོད་ལྷོ་ཁ་ཁུལ་ནས་ཕེབས་ལམ་གཙང་སེལ་བྱུང་ཐུབ་པ་དང་། དེ་བཞིན་བླ་ཆེན་ཁག་དང་རྒྱ་ཆེའི་བོད་རིགས་མང་པོའི་བྲོས་ལམ་བསལ་བ་དང་། རྗེས་འདེད་རྒྱ་དམག་སྟོང་ཕྲག་མང་པོར་འཐབ་རྒོལ་རིམ་པ་བྱས་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་ཞུ་སྒོ་ཅི་མཆིས་བདེ་བླག་ངང་ལས་དོན་རླབས་པོ་ཆེ་བསྒྲུབས་གནང་བ་བཅས་བརྒྱུད། ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་སུ་གཏོགས་པའི་རྒྱ་ཆེའི་མི་མང་རྣམས་ནས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་བློས་བཏང་གནང་བར། གོ་སྐབས་འདི་བརྒྱུད་ཕར་རྒོལ་གྱི་བརྒྱུད་རིམ་ཁྲོད་རྐྱེན་འདས་སུ་གྱུར་བ་སོགས་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་རྗེས་སུ་དྲན་པའི་སྒོ་ནས་གུས་འདུད་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་གཞུང་གི་མཛད་གཙོ་རྣམ་པས་དབུས་པའི་སེར་སྐྱ་མི་མང་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་༸ཞབས་སོར་བདེ་འཁོད་བྱུང་བ་དེས། བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་རྒྱང་གསུམ་གྱི་ཕན་བདེའི་གཞི་རྩར་སྨན་པའི་བྱ་གཞག་རླབས་ཆེན་བསྒྲུབས་ཡོད་ལ། དུས་ད་ལྟའང་བོད་ཀྱི་བསྟན་སྲིད་མི་རིགས་དང་། རིག་གཞུང་སྐད་ཡིག་སོགས་མི་འཇིག་པར་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་ཙམ་དུ་མ་ཟད་འཛམ་གླིང་ས་ཕྱོགས་གང་སར་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག་བཙན་བྱོལ་དུ་བོད་མི་རྣམས་ལ་མང་གཙོའི་ལམ་ལུགས་གསོལ་སྩལ་གནང་ཞིང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་སོགས་སྒྲིག་འཛུགས་མང་དག་ཅིག་སྲ་བརྟན་དུ་ཚུགས་ཐུབ་པ་བྱུང་བ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་རང་རེའི་ཆོས་དང་རིག་གཞུང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་དང་། བོད་མིའི་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐོག་ལ་སེམས་ཤུགས་ཆེ་བསྐྱེད་ཀྱིས་མུ་མཐུད་འབད་འབུངས་བྱེད་བཞིན་པ་ནི་འཛམ་གླིང་ནང་བཙན་བྱོལ་བ་གཞན་མང་པོས་མིག་ལྟོས་བྱ་ཡུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ནི་དགའ་སྒོམ་བྱེད་འོས་སུ་གྱུར།

ཆུ་སྒང་སྒྲིག་འཛུགས་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་རང་བཙན་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་བློས་གཏོང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་རྒྱ་དམར་བཙན་འཛུལ་བའི་དམག་དཔུང་ལ་ཁ་གཏད་གདོང་ལེན་བྱས་པའི་དམིགས་བསལ་ལེ་ཚན་ཞིག་ཆགས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ཀྱི་ནང་ལའང་འཁོད་ཡོད། ཉེ་བའི་ཆར་ཆུ་སྒང་སྒྲིག་འཛུགས་ཀྱི་སྐོར་ལ་སྙིང་སྟོབས་དང་ལྷག་བསམ་ལྡན་པའི་རང་རིགས་ཁག་ཅིག་གིས་གློག་བརྙན་བཟོ་སྐྲུན་གནང་ཡོད་པ་ཤེས་རྟོགས་བྱུང་བ་དེ་ནི་དགའ་སྤོབས་སྐྱེ་གཞི་ཞིག་དང་། ཡང་སྒོས་ལོ་རྒྱུས་ཀྱི་རྩ་བ་སྲ་བརྟན་དུ་འགྲོ་བའི་ཆ་རྐྱེན་དང་། རང་རིགས་གཞོན་སྐྱེས་རྣམས་དང་མི་རིགས་གཞན་ལའང་གོ་རྟོགས་ཡོང་བའི་ལས་དོན་གལ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་མི་རབས་གོང་མ་རྣམས་ཀྱི་སྐུ་ལས་སྐྱོན་པའི་བྱས་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན་སྟབས། འབྲེལ་ཡོད་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

དུས་ཀྱི་འགྱུར་བགྲོད་ལ་གཞིགས་པས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་ཉིད་ཕྱིས་སུ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་བདེ་དོན་ཚོགས་པའི་མཚན་ཐོག་དེབ་སྐྱེལ་གནང་སྟེ། འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེངས་སུ་མ་སོང་བ་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གྱིས་ཆུ་སྒང་དབུས་ས་ཡོངས་ཀྱི་ལས་དོན་གནང་ཕྱོགས་ཁྲིམས་ཀྱི་དབང་བསྒྱུར་ཐོག་ནས་བསྐྱོད་བཞིན་པ་དང་། ད་བར་ཆུ་སྒང་རྒྱུན་ལས་རིམ་པས་སྒྲིག་འཛུགས་ཀྱི་ལས་དོན་ཡོངས་རྫོགས་ཚགས་ཚུད་གནང་བར་བསྔགས་འོས་སུ་མཐོང་། དེ་བཞིན་ཆུ་སྒང་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་འཁོས་ཞན་རྣམས་ལ་འཚོ་སྣོན་དང་། མ་འོངས་བོད་དོན་འཐབ་རྩོད་ཀྱི་སོན་རྩ་ན་གཞོན་སློབ་གཉེར་གནང་བཞིན་པ་རྣམས་ལ་རིགས་གཅིག་རྐང་འཛིན་དང་ཤེས་ཡོན་ནུས་སྟོབས་གོང་སྤེལ་སླད་སློབ་ཡོན་བཅས་ཀྱི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།

༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་བརྟན་བཞུགས་བསྟར་འབུལ། བོད་ཀྱི་རིག་གཞུང་གོང་སྤེལ་སོགས་ཀྱིས་མཚོན་བོད་བསྟན་སྲིད་མི་རིགས་བཅས་པར་ཕན་པ་སྒྲུབ་པའི་བྱ་བ་དུས་ནས་དུས་སུ་གསར་རྩོམ་གནང་བཞིན་པ་དང་། བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་འདིར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུས་དང་ཞུ་བཞིན་པ་བཅས་ཀྱིས། ཐོག་མར་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ཏེ་སྒྲིག་འཛུགས་གསར་འཛུགས་གནང་བའི་དོན་གོ་ཆོད་པར་གྱུར་བ་གསལ་སྟོན་ཐུབ་པ་དང་། སླད་ནས་ཀྱང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་འབད་འབུངས་ལྷོད་མེད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༦ ལ།།