མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མར་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དུས་དྲན་ཁྱད་པར་ཅན་གྱི་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཆུ་སྒང་དབུས་སའི་རྒྱུན་ལས་རྣམ་པ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་བཞིན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྤྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་གནང་ཞིང་། བོད་བསྟན་སྲིད་མི་རིགས་དང་བཅས་པ་སྲུང་སྐྱོབ་ཆེད་ཆུ་སྒང་དཔའ་རྒོད་ཚོས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་དགྲ་བོ་རྒྱ་ནག་དམར་གཞུང་གིས་བོད་སར་བཙན་འཛུལ་རིམ་བྱུང་ལ་ཕར་རྒོལ་འཐབ་འཛིང་ལན་མང་གནང་བ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཏེ་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་ཡོད། དེའི་རྗེས་སུའང་སྒྲིག་འཛུགས་ཀྱི་དཔའ་རྒོད་ཚོས་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་གནང་བ་བཅས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་ཤིག་ལ་ངོས་འཛིན་ཞུས་ཆོག སྒྲིག་འཛུགས་ནང་ཐོག་མཐའ་བར་གསུམ་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐབས་དུས་སོ་སོར་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་རྗེས་སུ་དྲན་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་དང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དུས་ད་ལྟ་ཡིན་ནའང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་རང་རང་སོ་སོའི་ས་གནས་སུ་དེ་རིང་གི་ཉིན་མོར་དུས་དྲན་སྲུང་བརྩི་ཞུ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཆེས་ཆགས་འཇིག་གི་གནས་སུ་གྱར་བའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡ་རབས་བཟང་པོའི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་ཐུབ་པས་འཛམ་གླིང་ནང་ཆེས་ཕྱུག་པའི་བོད་པའི་རིག་གཞུང་ངོམས་སུ་ཆོག་པ་ཞིག་ཡོད་པར་ནུབ་ཕྱོགས་པ་མང་པོས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་པ་མ་ཟད། བཙན་བྱོལ་ནང་མང་གཙོའི་ཀ་བ་གསུམ་ལྡན་གྱི་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་འདུ་སྡོད་གཞིས་ཆགས་ཁག དགོན་སྡེ་གྲྭ་ཚང་ཁག སློབ་གྲྭ་ཁག རིག་གཞུང་བསྟི་གནས་ཁང་ཁག་སོགས་བཙུགས་ཐུབ་པ་དང་། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ལར་ཞེན་དང་སྙིང་སྟོབས་གཡོ་བ་མེད་པ་བཅས་ལ་བརྟེན་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་རྒྱུན་ད་ལྟའང་སོར་གནས་ཐུབ་པའི་ཐོག འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བ་དུ་མ་ཡོད་པའི་ཁྲོད་ནས་ཀུན་གྱིས་བསྔགས་ཡུལ་དུའང་གྱུར་ཡོད། དེ་བཞིན་རྒྱལ་སྤྱིའི་གཞུང་དང་། དབུ་ཁྲིད། གནད་ཡོད་མི་སྣ། སྤྱི་སྒེར་བཅས་ནས་བོད་མིའི་རང་དབང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པ་ནི་དགའ་སྒོམ་བྱེད་འོས་སུ་གྱུར་ཡོད།

གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོ་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་འགྲོ་བ་མིའི་གཞི་རྩའི་རང་དབང་ཚུན་ཆད་བྲལ་ཏེ་ཉིན་མཚན་ལྟོས་མེད་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་དཔའ་བོ་དཔའ་མོ་བསྡོམས་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད། ཁོང་རྣམ་པའི་བློས་གཏོང་རྣམས་ཆུད་ཟོས་སུ་མ་སོང་བར་དགོས་འདུན་དང་རེ་བ་སྒྲུབ་ཐུབ་པ་བྱེད་རྒྱུའི་འགན་འཁུར་ང་ཚོ་རང་དབང་ལུང་པར་གནས་པའི་བོད་མི་རྣམས་ལ་ཡོད་པ་ནམ་ཡང་བརྗེད་མི་རུང་བ་དང་། རང་དབང་ལྡན་པའི་མགྲིན་ཚབ་པ་བྱས་ཏེ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས།

ཆུ་སྒང་དབུས་སའི་སྒྲིག་འཛུགས་ནས་བོད་བསྟན་སྲིད་དང་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་ཆེད་ལོ་ལྟར་སྲོག་བླུ་ཚེ་ཐར་ཁྱོན་ཆེ་དང་། ཁོར་ཡུག་གཙང་བཟོ། བཀའ་འགྱུར་དག་སྒྲོག་དང་། གནས་བརྟན་ཕྱག་མཆོད། བཛྲ་གུ་རུ་དང་། མ་ཎི་གྲངས་གསོག གཞན་ཡང་རང་ཁོངས་སློབ་ཕྲུག་རྣམས་ལ་སློབ་ཡོན་དང་རྒས་འཁོགས་རྣམས་ལ་འཚོ་སྣོན་སོགས་གནང་དང་གནང་བཞིན་པ་བཅས་མདོར་ན་བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་འདིར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། སྤྱི་ཚོགས་བདེ་དོན་བཅས་ལ་དུས་ནས་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཞུས་དང་ཞུ་བཞིན་པར་ཡང་བསྔགས་བརྗོད་ཞུ་རྒྱུ་དང་། མུ་མཐུད་དེ་ལྟར་གནང་གལ་ཆེ་བའི་སྐུལ་མ་ཞུ་རྒྱུ་ཡིན།

དེ་བཞིན་ཐོག་མར་དང་བླངས་དམག་གི་སྒྲིག་འཛུགས་ངོ་བོའི་ཐོག་ནས་བོད་བསྟན་སྲིད་ཀྱི་དོན་དུ་རྒྱ་ནག་ལ་འཐབ་རྒོལ་བྱས་པ་དང་། བཙན་བྱོལ་ནང་ཕྱིས་སུ་སྤྱི་ཚོགས་བདེ་དོན་ཚོགས་པའི་ངོ་བོའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་རྩར་ཕན་པའི་ཞབས་འདེགས་གང་ཐུབ་བསྒྲུབས་དང་སྒྲུབ་བཞིན་པ་བཅས་ལ་ལེགས་སོ་ཞུ་རྒྱུ་ཡིན།

གཞན་ཡང་དེང་གི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ཡང་ནས་ཡང་དུ་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཕེབས་བཞིན་པར་བོད་མི་ཚང་མས་ཐུགས་སྣང་གིས་ཉམས་ལེན་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་དོན་ཕན་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༦ ལ།།

Menu