མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༡ པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།


༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༠ ཉིན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཚོགས་ཁང་ནང་ཉིན་གྲངས་བཞིའི་རིང་འཚོགས་འཆར་གྱི་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༡ པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ། ཕྱོགས་མཐའི་ས་གནས་རྒྱུན་ལས་བཅས་ཕེབས་འདུག

སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་། རིག་གཞུང་འགན་འཛིན། ལྷག་པར་དུ་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱིས་གསུང་བཤད་གནང་བ་གཞིར་བཟུང་རེད། ཚང་མར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། རྩ་བའི་བོད་ཀྱི་གནས་བབ་དེ་མཁྱེན་ཐུབ་དགོས་པ་གལ་ཆེན་པོ་གཅིག་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༦ ལྷག་འགྲོ་ཡི་ཡོད་ཅིང་། དུས་ཚོད་དེའི་རིང་ལ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། སྐུ་ངལ་མཛད་མེད་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་ནས་བོད་ཅེས་པ་དེ་འཛམ་གླིང་ཐོག་ཚང་མས་མཁྱེན་རྟོགས་ཡོད་པ་དང་། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་དམིགས་བསལ་བ་ཞིག་ཡོད་པ་དེར་ཚང་མས་དོ་སྣང་གནང་ཡུལ་ཞིག་ལ་གྱུར་བ་མ་ཟད། དེའི་ཐོག་ཉམས་ཞིབ་བྱས་ནས་ང་རང་ཚོའི་སྤྱི་ཚོགས་ཀྱི་ཐོག་ལ་ལག་ལེན་བསྟར་གྱི་ཡོད་པའི་གནས་བབ་ཅིག་ལ་སླེབས་བསྡད་ཡོད་རེད།

དེ་ཡང་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཞབས་སོར་འཁོད་རྗེས་བོད་གཞུང་མུ་མཐུད་རྒྱུན་འཁྱོངས་གནང་བ་མ་ཟད། དེ་སྔའི་གཞུང་གི་འགྲོ་ལུགས་ལ་གྱུར་བ་བཏང་སྟེ་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ལ་མང་གཙོ་གསོལ་སྩལ་གནང་བ་དང་། རིམ་པས་གྱུར་བ་ཇི་དགོས་བཏང་ནས་ད་ལྟའི་ཆར་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་སུ་རྫོགས་པ་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ནས་ད་བར་ལོ་བཅུ་གྲངས་ཤིག་འགྲོ་ཡི་ཡོད་པ་རེད། སྐབས་དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་དག་ང་ཚོའི་བསམ་བློའི་ནང་མ་ཆུད་པར། མགོན་པོ་གང་ཉིད་མཆོག་མུ་མཐུད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་རོགས་ཞེས་ཡང་ཡང་དབུ་ནན་གསོལ་འདེབས་ཞུས་པ་དང་། དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་དབུ་ཚུགས་པའི་ད་བར་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་རྒྱུའི་ལམ་ལུགས་དེ་ངོས་ཀྱི་སྐབས་སུ་དགའ་ཞིང་སྤྲོ་ཞིང་ངང་མཚམས་བཞག་པ་ཡིན་ན་ཡག་ཤོས་རེད། དེ་ངས་མ་གཏོགས་སུ་གཅིག་གིས་བྱེད་ཐུབ་ཀྱི་མ་རེད་ཅེས་ཐུགས་ཐག་ཆོད་པའི་ཐོག་བཀའ་ནན་པོ་ཕེབས་ཡོད་རེད། དེ་ཡིན་དུས་ད་བར་ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་མི་རབས་རྒན་པ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་ཐུབ་རྒྱུར་དམིགས་བསལ་གྱིས་སེམས་ཁུར་བླངས་པར་བརྟེན་ནས་ད་ལྟའི་བར་མུ་མཐུད་རྒྱུན་མཐུད་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་རེད་དེ། ཉེན་ཁ་མེད་པ་རྩ་བ་ནས་མ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་ཐུབ་རྒྱུར་ཚང་མས་ནུས་པ་སྤྱི་སྤུངས་བྱ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བོད་མིའི་སྒྲིག་འཛུགས་ཐོག་ལ་བསམས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། བཅའ་ཁྲིམས་ནང་གསལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གསར་འཛུགས་བྱ་ཆོག་པ་དང་། ཚོགས་པའི་བྱེད་སྒོ་རྣམ་གཞག་ཀྱང་རང་དབང་ཐོག་ནས་སྤེལ་ཆོག་རྒྱུའི་སྐོར་བཀོད་ཡོད་པ་རེད། དེ་གཞིར་བཟུང་མངའ་རིས་སྤྱི་མཐུན་ཚོགས་པའང་དེའི་ཆ་ཤས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཆགས་བསྡད་ཡོད་རེད། དེ་མ་ཡིན་པའི་ཆོལ་ཁ་གསུམ་དང་། གཞོན་ནུ་བུད་མེད་སོགས་ཚོགས་པ་མང་པོ་ཞིག་ཡོད་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལོགས་ལ། ཚོགས་པ་དང་སྒྲིག་འཛུགས་ཀྱི་ལས་ཀ་ལས་སྟངས་རེད། སྒེར་སོ་སོའི་ངོས་ནས་འགན་ཁུར་ཕྱོགས་གསལ་པོ་བཀོད་ཡོད་རེད། དེ་ཚོའི་ཐོག་ལ་དོ་སྣང་གནང་ནས་ཚང་མས་གཙོ་བོ་དགོངས་པ་བཞེས་དགོས་རེད། སྔོན་མ་བཀའ་བློན་ཁྲི་ཟུར་གཅིག་གིས་གསུངས་གསལ་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཅའ་ཁྲིམས་གཏན་འབེབས་གནང་ཡོང་དུས་གསོལ་ཇའི་བར་གསེང་སྐབས་སུའང་ཐུགས་ཞིབ་གནང་ཡོད་པ་སོགས་གཞན་དང་མི་འདྲ་བའི་ཐུགས་སྣང་གནང་ཡོད་རེད། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཀྱང་སྐབས་དེ་དུས་ཀྱི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཞིག་ཆགས་བསྡད་ཀྱི་ཡོད་རེད། བཅའ་ཁྲིམས་དེ་གཞི་འཛིན་ས་ལྟ་བུ་ཆགས་ཀྱི་ཡོད་ཅིང་། མ་འོངས་པའི་ལས་དོན་གང་སྤེལ་ཡང་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་ཐུབ་དགོས་པ་དང་། དེ་ལས་འགལ་སོང་བ་ཡིན་ན་གང་ཟག་གི་དབང་བསྒྱུར་ཆགས་ཀྱི་ཡོད་པ་དང་། དེའི་སྐབས་བསམ་ཚུལ་དང་དགོངས་པ་བཞེས་ཕྱོགས་མ་འདྲ་བ་ཡོང་བསྡད་རྒྱུ། ལས་ཀ་ལས་སྟངས་ལ་དཀའ་ངལ་ཡོང་བསྡད་པ་སོགས་སྤྱི་ཚོགས་ནང་བརྡབ་གསིག་ཆགས་བསྡད་ཀྱི་འདུག སྒྲིག་འཛུགས་ནང་ཕྱག་ལས་གནང་མཁན་ཡིན་ནའང་འདྲ། གཞུང་འབྲེལ་མིན་པའི་ཚོགས་པ་ཡིན་ནའང་འདྲ། མི་མང་དཀྱུས་མ་ཡིན་ནའང་འདྲ་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་ཐུབ་རྒྱུར་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། ཆབ་སྲིད་ཀྱི་དགོངས་པ་བཞེས་ཕྱོགས་མང་བ་དེའི་ནང་སླེབས་བསྡད་ཡོད་རེད། དེའི་ཐོག་ནས་སོ་སོས་གོ་བ་ལེན་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་དང་། བོད་སྤྱི་པ་ལའང་ཞབས་འདེགས་ཞུ་བ་ཆགས་ཀྱི་ཡོད་རེད། རྣམ་པ་ཚོ་མངའ་རིས་སྤྱི་མཐུན་ཚོགས་པའི་ཐོག་ནས་ཀྱང་དེའི་ཐོག་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད།

མངའ་རིས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པའི་མངའ་རིས་མི་མང་འདྲ་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་མང་ཤོས་ཤིག་ཆགས་ཀྱི་ཡོད་ཅིང་། ད་ལྟ་གོང་དུ་ཚོགས་གཙོས་གསུངས་པ་ལྟར་རེད། ལེགས་པའི་ཕྱོགས་ལ་སྣེ་ཁྲིད་ཐུབ་རྒྱུར་དགོངས་པ་བཞེས་ཐུབ་ན་ཚང་མས་དམིགས་དཔེ་བལྟ་ས་འདྲ་པོ་ཆགས་ཀྱི་ཡོད་རེད། ལས་ཀ་འདྲ་པོ་ཡིན་ན་མི་གཅིག་གཉིས་ཀྱིས་ལས་ཀ་བྱས་ནས་དམིགས་དཔེ་བལྟ་ས་ཆགས་ཀྱི་ཡོད་པ་ལས། མི་བསྡུས་ནས་དམིགས་དཔེ་བལྟ་ས་ཆགས་རྒྱུ་དཀོན་པོ་རེད། དེ་ཡིན་དུས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དམིགས་དཔེ་བལྟ་ས་དགོས་ཀྱི་འདུག གནོན་ཤུགས་ལ་མ་ལྟོས་པར། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་། བོད་ནང་གི་བོད་མི་ཚོའི་བློས་བཏང་བཅས་ལ་དགོངས་པ་བཞེས་ནས་ལས་ཀ་བྱས་པ་ཡིན་ན་ཏན་ཏན་གྱིས་མི་རབས་གསར་པ་རྣམས་ལ་ཕན་ཐོགས་ཐུབ་པ་དང་། བོད་ཀྱི་ལོ་རྒྱུས་གནས་བབ་ལའང་ཕན་ཐོགས་ཐུབ་པ། ད་ལྟའི་དུས་ཚོད་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་ཐུབ་པ་བཅས་དེ་ལས་ལྷག་པ་མེད་པ་འདྲ་པོ་མཐོང་གི་འདུག ང་ཚོ་བཙན་བྱོལ་ནང་རོབ་རྩིས་བྱས་པ་ཡིན་ན། མི་འབོར་འབུམ་གཅིག་དང་ཁྲི་ལྔ་ཙམ་ཡོད་རེད་ཅེས་ཤོད་ཀྱི་ཡོད་རེད། རྒྱ་བལ་འབྲུག་གསུམ་ལ་གཞིས་ཆགས་ཁག་ཡོད་རེད། རྒྱ་བལ་འབྲུག་གསུམ་ནས་ཕྱི་རྒྱལ་ཁག་ལ་ཕེབས་རྒྱུའི་གནས་བབ་ཅིག་ཡོད་རེད། བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་ལྔ་བརྒྱ་ཙམ་ཡོད་རེད། དེ་མ་ཡིན་པའི་གཞོན་སྐྱེས་འཚར་ལོངས་བྱུང་བ་རྣམས་ལ་གཞུང་དང་གཞུང་འབྲེལ་མིན་པའི་ཐོག་ནས་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ཏོག་ཙམ་ཁག་པོ་ཆགས་བསྡད་ཀྱི་ཡོད་དུས། མ་འོངས་པར་གཞོན་སྐྱེས་རྣམས་རྒྱ་བལ་འབྲུག་གསུམ་ནང་འཚོ་གནས་ཐུབ་པར་མདུན་ལམ་ཚད་དང་ལྡན་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག རྒྱ་གར་ལྟ་བུ་ཡིན་ན་དེང་སང་དཔལ་འབྱོར་ཡར་རྒྱས་ཚད་མཐོ་ཤོས་འགྲོ་མཁན་གྱི་མང་གཙོའི་རྒྱལ་ཁབ་གལ་ཆེ་ཤོས་གཅིག་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་སོ་སོ་གཅིག་པུ་ཙམ་མ་ཡིན་པར་བོད་པའི་ཆོས་དང་རིག་གཞུང་། བོད་བསྟན་སྲིད་བཅས་ལ་ཕན་ཐོགས་ཐུབ་རྒྱུའི་ཞབས་འདེགས་ཞུ་ཐུབ་རྒྱུར་བསམ་བློ་གསར་པ་དང་ལས་འཆར་འདྲ་པོ་བང་བསྒྲིག་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག མ་འོངས་པར་སྒྲིག་འཛུགས་དང་། གཞིས་ཆགས་གནས་དགོས་ན། དེའི་ནང་བོད་པའི་མི་མང་གནས་དགོས་པ་དང་། དེ་གནས་མ་ཐུབ་ན་སྒྲིག་འཛུགས་དང་། གཞིས་ཆགས་གནས་རྒྱུ་ཁག་པོ་ཆགས་བསྡད་ཀྱི་རེད། དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བསྡུ་རྒྱུའི་གསལ་བསྒྲགས་སྐབས་སྙན་ཞུ་འབུལ་མཁན་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་མི་འབོར་གྱི་གནས་སྟངས་ཐོག་ནས་ཡོང་གི་ཡོད་པ་གསལ་པོ་རེད་འདུག ཆབ་སྲིད་ལ་གྱུར་བ་ཕྱིན་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་གནས་བབ་ཡོང་སྲིད་ཀྱི་རེད་ལ། མུ་མཐུད་བཙན་བྱོལ་ནང་ཡུན་རིང་བསྡད་དགོས་པའི་གནས་སྟངས་ཀྱང་ཆགས་སྲིད་དུས། དེ་གཞིར་བཟུང་ང་ཚོས་དགོངས་པ་དང་གོ་བསྡུར་གནང་རྒྱུ་གལ་ཆེན་པོ་རེད་བསམས་ཀྱི་འདུག ད་ལྟའི་དུས་ཚོད་ལ་སྒྲིག་འཛུགས་དང་། ཚོགས་པ། མི་མང་སྒེར་བཅས་ཚང་མས་དགོངས་པ་བཞེས་དགོས་རྒྱུའི་གནས་སྟངས་གལ་ཆེ་ཤོས་ཤིག་ཆགས་བསྡད་ཀྱི་འདུག

དེ་བཞིན་བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་རེད་དེ། བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཐོག་དེ་མཚུངས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་འདུག རྩ་བའི་བོད་ཀྱི་ཆབ་སྲིད་རྩ་དོན་དང་། ཆོས་དང་རིག་གཞུང་ཐོག་ཤུགས་བརྒྱབ་རྒྱུ་གཉིས་ཀ་གལ་ཆེན་པོ་ཆགས་ཀྱི་ཡོད་ཀྱང་། བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་བྱ་རྒྱུ་དེ་གཞན་དབང་སྟབས་བསྟུན་འདྲ་པོ་ཆགས་ཀྱི་ཡོད་དུས། དེའི་ཐོག་ལ་གོ་སྐབས་གཟུང་རྒྱུ་རེད། རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་བོད་ཀྱི་རྩ་དོན་ཐོག་ལ་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་སོགས་ནས་རྒྱབ་སྐྱོར་གནང་མཁན་ཤུགས་ཆེན་པོ་རེད། དེ་ཚོའི་གྲས་ང་ཚོས་མུ་མཐུད་རྒྱུན་གནས་དང་ཤུགས་ཆེ་རུ་གཏོང་རྒྱུར་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་འདུག གཞན་དབང་སྟབས་བསྟུན་འོག་ང་ཚོས་དུས་རྒྱུན་དུ་དོ་སྣང་དང་དཀའ་ལས་རྒྱག་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཡིན་ནའང་། གཞན་ལ་བསྟུན་མ་དགོས་པར་གནང་ཐུབ་པ་དེ་སོ་སོའི་སྐད་ཡིག་དང་། ཆོས་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་རེད། སོ་སོའི་ཁྱིམ་ཚང་ནང་ནས་ཀྱང་བྱེད་ཐུབ་པའི་གནས་སྟངས་ཤིག་ཡིན་དུས། ཚང་མས་དོ་སྣང་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག དེ་མ་བྱས་པར་མི་རིགས་གཞན་གྱི་ནང་འཐིམ་སོང་བ་ཡིན་ན། སོ་སོ་བོད་མི་ཡིན་བསམ་པའི་འདུ་ཤེས་སླེབས་མི་ཐུབ་པ་དང་། རྩ་དོན་འཐབ་རྩོད་ཐག་རིང་དུ་འགྲོ་རྒྱུ་ཡིན་པ་གསལ་པོ་ཆགས་བསྡད་ཡོད་རེད། ཕྱི་ལོགས་ལ་སྡོད་མཁན་བོད་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་བོད་ནང་གི་གནས་སྟངས་དང་། བོད་ཀྱི་རིག་གཞུང་སོགས་ལ་དོ་སྣང་མེད་པའི་རྣམ་པ་ཞིག་འདུག ཡིན་ནའང་ད་ལྟའི་ཆར་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཞིག་ཡོང་གི་འདུག དེ་ཡང་ཕྱི་རྒྱལ་ཁག་ལ་གཟའ་མཇུག་སློབ་གྲྭའི་ཐོག་ནས་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་བསླབ་པ་སོགས་བོད་པའི་འདུ་ཤེས་སླེབས་ཐུབ་ཀྱི་འདུག དེ་ཡིན་དུས་ཚང་མས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སོགས་ལ་དོ་སྣང་གནང་དགོས་པ་གལ་ཆེན་པོ་རེད་འདུག

གོང་དུ་རིན་པོ་ཆེ་དང་། རིག་གཞུང་འགན་འཛིན་ནས་གསུངས་པ་ལྟར། མངའ་རིས་ཞེས་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་ལ་བལྟས་པ་ཡིན་ན་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། བོད་བཙན་པོའི་སྐབས་སུ་རེད། བོད་སིལ་བུར་འཐོར་བའི་རྗེས་སུའང་ཆོས་རྒྱལ་གྱི་གདུང་རྒྱུད་མངའ་རིས་ལ་ཕེབས་ཏེ་དབང་བསྒྱུར་བྱས་ནས་ནང་ཆོས་ཐོག་ལ་རླབས་ཆེན་གྱི་ཞབས་ཕྱི་ཞུས་ཡོད་རེད། ལྷ་བླ་མ་ཡེ་ཤེས་འོད་ལྟ་བུར་མཚོན་ན། ཐོག་མར་བཙུན་མོ་བཞེས་རྗེས་སྲས་འཁྲུངས། རིམ་པས་བོད་བཙན་པོའི་ཡིག་ཚགས་ཁག་ལ་གཟིགས་རྗེས། སྔོན་མའི་བཙན་པོ་རྣམས་ཀྱིས་ནང་ཆོས་ལ་ཐུགས་སྣང་གནང་ཡོད་པ་མཇལ་བ་ལྟར་ཁོང་ཉིད་ནས་ཀྱང་ནང་ཆོས་ལ་ཐུགས་སྣང་གནང་སྟེ་རབ་ཏུ་བྱུང་བ་དང་། མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་གསར་བཞེངས་གནང་བ། རྒྱ་གར་ལ་བོད་ཕྲུག་སློབ་གཉེར་ལ་བཏང་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་སྐྱེད་བསྲིང་བྱས་པ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་སོགས་ཇོ་བོ་རྗེ་གདན་འདྲེན་དུ་བཏང་བས་ཇོ་བོ་རྗེ་གདན་དྲོངས་མ་ཐུབ། སྐུ་ཚེའི་སྨད་ལ་ཇོ་བོ་རྗེ་གདན་འདྲེན་ཞུ་རྒྱུའི་འབུལ་བ་གསེར་འཚོལ་བར་ཕེབས་སྐབས་གར་ལོག་དཔུང་དམག་གིས་ཁོང་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག གར་ལོག་ནས་གསེར་ལུས་པོའི་ལྗིད་ཚད་ཙམ་བྱུང་ན་ཕྱིར་གཏོང་ཟེར་གོ་དུས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྒྱུ་ནོར་ཡོད་ཚད་གསེར་ལ་བརྗེས་ཏེ་གར་ལོག་ལ་ཕེབས་ནས་ལྷ་བླ་མ་ཡེ་ཤེས་འོད་བཙོན་བཀྲོལ་ཡོང་ཐབས་བྱས་ཀྱང་། ལྷ་བླ་མ་ཡེ་ཤེས་འོད་མཇལ་སྐབས་ཁོང་ལོ་ན་མཐོ་བ་དང་སྐུ་གཟུགས་ལ་མནར་གཅོད་གཏོང་ཆེ་བས་འདི་ནས་ཐར་ཀྱང་བསྟན་འགྲོའི་དོན་ཆེན་པོ་མི་ཡོང་བས་དེ་བས་གསེར་འདི་དག་ཆ་རྐྱེན་བྱས་ནས་ཇོ་བོ་རྗེ་གདན་འདྲེན་ཞུ་རྒྱུར་གཏོང་དགོས་གསུངས་པའི་རླབས་ཆེན་གྱི་དགོངས་པ་བཞེས་ཡོད་རེད། རིམ་པས་ན་ཚོ་ལོ་ཙཱ་བ་སོགས་ཇོ་བོ་རྗེ་བོད་ལ་གདན་འདྲེན་པར་མངགས་པ་ལྟར་ཇོ་བོ་གདན་དྲོངས་ནས་མངའ་རིས་ཕྱོགས་སུ་ཕེབས་སྐབས་ལོ་རྒྱུས་ནང་ལ་རྟ་དཀར་མི་དཀར་སུམ་བརྒྱས་ཕེབས་བསུ་བྱས་པ་གསལ་བས་དེ་ཁྱེད་རང་ཚོའི་མེས་པོ་ཡིན་ཞིང་། ནང་ཆོས་ཐོག་ལའང་ཞབས་འདེགས་རླབས་པོ་ཆེ་ཞུས་ཡོད་རེད། དེང་སང་ནང་ཆོས་ཐོག་ལ་རྒྱལ་སྤྱིའི་ནང་དམིགས་བསལ་གྱིས་དོ་སྣང་ཞིག་སླེབས་ཀྱི་ཡོད་པ་དང་། སོ་སོ་རང་ཉིད་ཀྱི་མི་ཚེ་ནང་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན་དུས། ང་ཚོ་ཚང་མས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ཐོག་ལ་དོ་སྣང་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

ད་ལན་ཚོགས་ཆེན་ཉིན་བཞིའི་རིང་གྲོས་གཞི་མང་པོ་ཞིག་སླེབས་ཀྱི་ཡོད་དུས། ཚང་མས་གོ་བསྡུར་ཡག་པོ་གནང་ནས་སྤྱིར་བོད་བསྟན་སྲིད་ལ་ཕན་ཐོགས་ཐུབ་རྒྱུ་དང་། བྱེ་བྲག་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སའི་འཛིན་སྐྱོང་དང་ཁྱབ་ཁོངས་མི་མང་ལ་ཕན་ཐོགས་ཐུབ་པའི་ཚང་མས་ཡིད་སྨོན་དང་བསྔགས་བརྗོད་བྱ་ཡུལ་ཞིག་ལ་གྱུར་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་དང་། མཐའ་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་བ། མངའ་རིས་སྤྱི་མཐུན་ཚོགས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་ཚོགས་མགོན་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་དང་། རིག་གཞུང་འགན་འཛིན་བྱམས་པ་ཡོན་ཏན་ལགས་ཀྱིས་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་གསུང་བཤད། དབུས་རྒྱུན་ཚེ་དབང་སྒྲོལ་དཀར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་དབུས་རྒྱུན་རྣམས་ལ་ཕྱག་རྟགས་དང་། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བརྒྱུད་ནས་དབུས་རྒྱུན་ཟུར་པ་རྣམས་ལ་ཕྱག་རྟགས། རྡ་ས་ས་གནས་འགོ་འཛིན་བརྒྱུད་ནས་སྐུ་མགྲོན་རྣམས་ལ་ཕྱག་རྟགས་བཅས་ཕུལ་གནང་སོང་། མཛད་སྒོའི་ཐོག་རྣམ་ཐར་དང་། གླུ་གཞས་གཟིགས་འབུལ་གནང་སོང་བ་བཅས།