བྷོ་སྤལ། ༢༠༡༢།༡༠།༢༡ རྒྱ་གར་མ་དྷ་ཡ་སྤ་ར་རྡ་ཤེ་ (Madhaya Pradesh) མངའ་སྡེའི་རྒྱལ་ས་བྷོ་སྤལ་ (Bhopal) ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་མངའ་སྡེའི་བློན་ཆེན་སོགས་གནད་ཡོད་མི་སྣ་དང་། རྒྱ་གར་ནང་པའི་མང་ཚོགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ར་ཇ་སེ་ཐན་ (Rajasthan) མངའ་སྡེའི་རྒྱལ་ས་ཇེ་སྤུར་ (Jaipur) ནང་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། ཟླ་ ༡༠ ཚེས་ ༡༩ ཞོགས་པ་ཆུ་ཚོད་ ༡༡།༢༠ ཐོག་བྷོ་སྤལ་རི་ལི་བབས་ཚུགས་སུ་འབྱོར་སྐབས། བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མི་རྣམས་ནས་ཕེབས་བསུ་ཞུས་པ་དང་། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་ གསར་འགོད་ལྷན་ཚོགས་ཤིག་འཚོགས་པ་དང་། སྐབས་དེར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། བོད་ནང་ཕྱི་ལོ་ ༢༠༠༢ ནས་ད་བར་བོད་མི་ ༥༥ ཡིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་ཁོངས་ནས་བོད་མི་ ༤༥ འདས་གྲོངས་སུ་གྱུར་བ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ཀྱི་ཁོར་ཡུག་གནས་སྟངས། རྒྱ་གཞུང་ནས་བོད་ནང་དྲག་པོའི་བསྟི་གནས་ཇི་ལྟར་བཟོས་ཡོད་མིན་སོགས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་སྐུ་པར་དང་། རྒྱ་གཞུང་གིས་བོད་མི་ཐོག་དྲག་གནོན་ཇི་ལྟར་བྱེད་བཞིན་པའི་འདྲ་པར་རྣམས་ཀམ་སྤུ་ཊར་བརྒྱུད་གཟིགས་འབུལ་དང་ངོ་སྤྲོད་ཞུས་ཡོད་པ་མ་ཟད། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པ་རྣམས་ཕྱི་ཉིན་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་ཐུབ་པ་བྱུང་ཡོད། དེ་དགོང་ཆུ་ཚོད་ ༦ པའི་ཐོག་སུད་ཚོང་སྐྱིད་སྡུག་གི་བོད་མི་ཚང་འཛོམས་ཐོག་སྐྱིད་སྡུག་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་ངོ་སྤྲོད་གཏམ་བཤད་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་སྔ་ཕྱིའི་བརྒྱུད་རིམ། བཙན་བྱོལ་བོད་མིའི་ལས་འགན་སོགས་ངོ་སྤྲོད་གཏམ་བཤད་གནང་སྟེ་ཚོགས་འདུ་གྲོལ།
ཕྱི་ཚེས་ ༢༠ ཉིན་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ནས་བྷོ་སྤལ་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ད་ལྟ་གྲོང་ཁྱེར་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་སྦ་སྤུ་ལ་གྷོར་ (Babulal Gaur) མཆོག་མཇལ་འཕྲད་ཞུས་ཏེ་བོད་དོན་སྤྱི་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་ད་བར་བོད་མི་ ༥༥ ཡིས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་སོགས་ངོ་སྤྲོད་ཞུས་པ་མ་ཟད། བོད་དོན་ཡིག་ཆ་ཁག་གཅིག་ཕུལ། བློན་ཆེན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཡིད་རངས་སྔགས་བརྗོད་ཞུས་གནང་སྟེ། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་ངེས་པར་ཐོབ་རྒྱུ་ཡིན་པ་དང་། བོད་མི་ཚོར་དུས་རྟག་ཏུ་གདུང་སེམས་མཉམ་སྐྱེས་ཡོད་སྐོར་སོགས་བཀའ་གནང་སྟེ། རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེངས་མཚན་རྟགས་ཀྱང་གནང་ཡོད།
དེ་རྗེས་ Republican Party of India ཞེས་པའི་ཆབ་སྲིད་ཚོགས་པའི་མངའ་སྡེའི་ཚོགས་གཙོ་དང་དབུས་ཀྱི་དྲུང་ཆེ་སྐུ་ཞབས་མོ་ཧན་ལ་སྤ་ཊིལ་ (Mohan Lal Patil) མཆོག་མཇལ་འཕྲད་ཞུས་ཏེ་བོད་དོན་ངོ་སྤྲོད་ཞུས། ཁོང་གིས་ཁོང་རང་ཉིད་རྒྱ་གར་གྱི་ནང་པ་ཞིག་ཡིན་པ་དང་། བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད།
ཕྱི་ཚེས་ ༢༠ དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་བོད་མི་དང་རྒྱ་གར་བ་ཉིས་བརྒྱ་ཙམ་ཀ་རུ་ན་ Karuna ནང་པའི་ལྷ་ཁང་དུ་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མེར་མེའི་ཁྲོམ་སྐོར་གྱི་མཛད་སྒོའི་ཐོག་མར། འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་ལམ་ཞུས་རྗེས། བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་གུས་བཀུར་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་ནང་པའི་ལྷ་ཁང་དུ་མཆོད་མཇལ་དང་མར་མེ་ཞལ་ཕྱེ་གནང་། དེ་རྗེས་རྒྱ་གར་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཅན་རྡ་ར་སྦོ་དྷི་ སྤ་ཊིལ་ (Chandrabodhi Patil) མཆོག་ནས་བདེན་པའི་མེ་ལྕེ་མངའ་སྡེའི་ནང་འབྱོར་བར་དགའ་བསུའི་གཏམ་བཤད་གནང་། དེ་ནས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཧིན་རྡི་སྐད་ཡིག་ཐོག་བོད་ཀྱི་གནས་སྟངས་སྤྱི་དང་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་། དེ་རྗེས་ནང་པའི་ལྷ་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རིན་པོ་ཆེ་དང་བདེན་པའི་མེ་ལྕེ་གདན་ཞུ་དང་འབྲེལ་བདེན་ཚིག་སྨོན་ལམ་འུར་འདོན་གནང་སྟེ། མར་མེའི་ཁྲོམ་སྐོར་དངོས་སུ་འགོ་འཛུགས་ཞུས། བྷོ་སྤལ་གྲོང་ཁྱེར་ནང་མར་མེའི་ཁྲོམ་སྐོར་སྐབས་རྒྱ་གར་མང་ཚོགས་ནས་ལས་འགུལ་ལ་དོ་སྣང་ཆེན་པོ་གནང་བ་མ་ཟད། ཧིན་སྐད་ཐོག་བོད་དོན་ཡིག་ཆ་འགྲེམས་སྤེལ་ཞུས། ཆུ་ཚོད་ ༨།༢༠ ཐོག་སླར་ཡང་ལས་འགུལ་བ་ཡོངས་རྫོགས་ཀ་རུ་ན་ནང་པའི་ལྷ་ཁང་དུ་འདུ་འཛོམས་དང་འབྲེལ། ཧིན་རྡི་སྐད་ཡིག་ཐོག་ནང་པའི་སྐྱབས་འགྲོ་བཏོན་པ་དང་། དེ་རྗེས་བོད་མིའི་སུད་ཚོང་སྐྱིད་སྡུག་གི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མར་མེའི་ཁྲོམ་སྐོར་མཇུག་སྒྲིལ་ཞུས། ད་རེས་ཀྱི་མར་མེའི་ཁྲོམ་སྐོར་ནང་བྷོ་སྤལ་རྫོང་གི་ནང་པའི་ཚོགས་གཙོ་མཆོག་གིས་དབུས་རྒྱ་གར་མང་ཚོགས་མང་པོས་མཉམ་བཞུགས་གནང་ཡོད།
ཕྱི་ཚེས་ ༢༡ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ནས་མ་དྷ་ཡ་སྤ་ར་རྡ་ཤེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མ་ནོ་ཇོ་ཀུ་མར་ཤྲི་ཝ་སོ་ཏོ་ཝ་ (Manoj Kumar Srivastav) མཆོག་མཇལ་འཕྲད་ཞུས་ཏེ། ཁོང་གི་བརྒྱུད་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་བོད་དོན་ཞུ་སྙན་འབུལ་ལམ་ཞུས་པ་མ་ཟད། ཁོང་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། བོད་ནང་རང་ལུས་མེར་སྲེག བཙན་བྱོལ་བོད་མིའི་གནས་སྟངས་བཅས་ངོ་སྤྲོད་ཞུས། སྐུ་ཞབས་མ་ནོ་ཇོ་ཀུ་མར་ཤྲི་ཝ་སོ་ཏོ་ཝ་མཆོག་གིས་སྐུ་སྒེར་ངོས་ནས་བོད་དོན་ཞུ་སྙན་སྟེངས་མཚན་རྟགས་གནང་བ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་དོན་ཞུ་སྙན་དང་ཡིག་ཆ་ཁག་འབུལ་ལམ་ཞུ་རྒྱུའི་ཞལ་བཞེས་ཀྱང་གནང་། ཕྱི་ཚེས་ ༢༡ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལེགས་པར་མཇུག་སྒྲིལ་ཟིན་ཏེ། ཕྱི་དྲོ་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་དྷ་རམ་ས་ཐོན་སྐབས་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མི་རྣམས་ནས་ཕེབས་སྐྱེལ་ཞུས་པ་མ་ཟད། ད་རེས་བྷོ་སྤལ་ནང་གི་སྐོར་བསྐྱོད་སྐབས་བོད་མི་སུད་ཚོང་སྐྱིད་སྡུག་ནས་འགན་འཁུར་ཆ་ཚང་བཞེས་པ་མ་ཟད། རྒྱ་གར་ནང་པའི་ལྷན་ཚོགས་ནས་གང་ཅིའི་མཐུན་འགྱུར་གནང་ཡོད།
ད་ལྟ་རྒྱ་གར་ནང་བདེན་པའི་མེ་ལྕེ་ཁག་གསུམ་གྱི་སྐོར་བསྐྱོད་ལེགས་པར་མཇུག་སྒྲིལ་ཟིན་ཏེ། ད་བར་རྒྱ་གར་གྱི་མངའ་སྡེ་ ༢༧ གྱི་ས་ཁུལ་འདྲ་མིན་ ༡༢༠ ལྷག་ནང་སྐོར་བསྐྱོད་ཟིན་པ་མ་ཟད། ད་སྐབས་བྱང་ཨ་རིའི་ནང་བདེན་པའི་མེ་ལྕེ་གཉིས་དང་། ཡུ་རོབ་ནང་གཅིག ཨུ་རུ་སུའི་ནང་གཅིག ཉི་འོང་དང་ཉེ་འཁྲིས་རྒྱལ་ཁབ་ནང་གཅིག ཨོས་ཊོ་རེ་ལི་ཡ་དང་ནིའུ་ཛ་ལེན་ཊ་ནང་གཅིག ལྷོ་ཨ་ཕི་རི་ཁའི་ནང་གཅིག་བཅས་ཁྱོན་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་དང་། ལྷག་པར་ས་ཁུལ་སོ་སོའི་ནང་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེངས་མཚན་རྟགས་ཞུས་དང་ཞུ་བཞིན་པ་རྣམས་ཕྱི་ཟླ་ ༡༡ ཚེས་ ༡༥ འགྱངས་མེད་བཞུགས་སྒར་དྷ་རམ་ས་ལར་འབྱོར་དགོས་པ་མ་ཟད། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་བསྡུ་རུབ་ཟིན་པའི་མཚན་རྟགས་དང་བདེན་པའི་མེ་ལྕེ་རེ་རེ་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་ནིའུ་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཕུལ་ཏེ་མཇུག་བསྡོམས་བྱ་རྒྱུ་ཡིན་པའི་གནས་ཚུལ་དུ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།