གློ་སྨོན་ཐང་རྒྱལ་པོ་མཆོག་དགོངས་པ་རྫོགས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོ།

mustangstenchifestival2014jzra7k54e-fl

ཉེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༦ ཉིན་དཔལ་ལྡན་རྒྱལ་པོ་འཇིགས་མེད་རྡོ་རྗེ་དཔལ་འབར་མཆོག་དགུང་གྲངས་ ༨༦ ཐོག་བལ་ཡུལ་གྱི་རྒྱལ་སར་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པར་བོད་མི་མང་སྤྱི་འཐུས་རྣམས་ཤིན་ཏུ་བློ་ཕམ་དང་ཡིད་སྐྱོའི་གནས་སུ་གྱུར། རྒྱལ་པོ་དམ་པ་དེ་ཉིད་ཀྱིས་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་དེ་ལྟ་བུའི་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱུན་གནས་ཐུབ་པའི་ཐུགས་འཁུར་ཆེ་བཞེས་མཛད་ཡོད་པ་དང། རྒྱུན་དུ་རང་གི་མི་མང་ལ་བྱམས་སྐྱོང་གི་གཟིགས་པ་ཅི་ཆེ་གནང་ཡོད་པ། ལྷག་པར་གློ་ཁུལ་བོད་མི་སྐྱབས་བཅོལ་དུ་འབྱོར་སྡོད་རྣམས་ལའང་སྔ་ཕྱི་བར་གསུམ་དུ་ཐུགས་བརྩེ་བྱམས་གཟིགས་ཆེན་པོས་གང་ཅིའི་མཐུན་འགྱུར་རོགས་སྐྱོར་བཀའ་དྲིན་བསྐྱངས་ཡོད་པ་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་སྦྲགས་ད་རེས་བཙུན་མོ་མཆོག་སྐུ་འཁོར་དང་མངའ་ཁོངས་མི་མང་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་གང་ཉིད་ཀྱི་ཚེ་རབས་ཕྲེང་བའི་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་སྟེ་རྣམ་མཁྱེན་ཆེན་པོའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༣ ལ་                                  ཕུལ་ཞེས་བཙུན་མོ་སྐུ་འཁོར་དང་བཅས་པའི་མཚན་ཐོག་འབུལ་ལམ་ཞུས་ཡོད་པ་རེད།།

Menu