བློ་བཟང་འཇམ་དབྱངས་ལགས་ཀྱིས་རང་ལུས་ཞུགས་འབུལ་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ་ཨ་མདོ་རྔ་པའི་ཨ་འདུས་ཥེ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༢༢ ཅན་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་པ་རྫོང་གི་བཞི་མདོར་ལུས་ཡོངས་ལ་ས་སྣུམ་བྱུགས་ཤིང་རང་ལུས་མེ་རུ་བསྒྲོན་ཏེ། “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་” ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱས་ཡོད་པ་དང་། སྐབས་དེར་གཡས་གཡོན་གྱི་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་མེ་གསོད་རྒྱུ་ལས་ལྡོག་སྟེ། ཁོང་ལ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གཅར་རྡུང་དྲག་པོ་བཏང་བ་དང་། རས་དཀར་པོ་ཞིག་གིས་བཀབ་ནས་ཉེན་རྟོག་པ་དང་དམག་མིས་རྡོག་རྫིས་བྱས་པས་དེར་ཡོད་བོད་མི་རྣམས་ཀྱིས་དམག་དཔུང་གི་མདུན་བཀག་སྟེ་ཁོང་ཚུར་ལེན་ཐབས་བྱས་ཀྱང་། མི་མང་ལ་གང་བྱུང་གཅར་རྡུང་དང་འཛིན་བཟུང་བྱེད་བཞིན་བཙན་འཁྲིད་བྱས་ཡོད་པ་དང། སྐབས་དེར་མི་མང་པོ་ཞིག་ལ་རྨས་སྐྱོན་ཡང་ཕོག་པའིི་ཁྲོད་ནས། བུད་མེད་ཅིག་གི་མིག་ཡ་གཅིག་ལོང་བ་བཟོས་ཡོད་པའི་གནས་ཚུལ་ཐོན་པ་སོགས་ཡ་ང་བའི་གནས་ཚུལ་འདིའི་རིགས་བོད་ནང་བྱུང་དང་འབྱུང་བཞིན་པ་ཡིན། ཁོང་ཕྱི་ལོ་༢༠༡༢ ཟླ་༡ ཚེས་༡༦ ཉིན་འདས་གྲོངས་སུ་གྱུར་ཡོད།

ཕྱི་ལོ་ ༢༠༠༩ ལོར་བཀྲ་བྷེ་ལགས་དང་། ལོ་སྔོན་མའི་ཟླ་ ༣ ནས་ལོ་འདིའི་ཟླ་ ༡ ཚེས་༡༤ བར་བོད་ནང་གི་བོད་མི་སྐྱ་སེར་དབྱེ་མེད་གྲངས་༡༦ ཙམ་དང་བཙན་བྱོལ་ནང་གི་བོད་མི་༢ བཅས་ཀྱིས། “༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་”ཞེས། འབོད་ཚིག་འདི་གཉིས་གཙོ་བོར་བྱས་ནས་བོད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས། བོད་ནང་བཙུན་མ་གཉིས་ཚུད་པའི་མི་གྲངས་ ༡༢ ཙམ་འདས་གྲོངས་སུ་གྱུར་པ་དང་། ལྔ་གར་སོང་ཆ་མེད་དུ་གྱུར་ཡོད་པས་དེ་དག་ཡོངས་རྫོགས་རྒྱ་གཞུང་གིས་འགན་འཁུར་དགོས་པ་དང། དེ་འབྲེལ་ད་ལྟའི་སྐབས་ག་སོང་ཆ་མེད་དུ་གྱུར་པ་རྣམས་ཤི་གསོན་གང་ཡིན་རྒྱ་ནག་གཞུང་གིས་འགན་འཁུར་དགོས་པ་ཙམ་མ་ཟད། ད་ལྟ་གང་དུ་ཡོད་མེད་དང་སྐུ་འཚོ་བཞུགས་ཡིན་མིན་ལའང་ལན་འདེབས་གསལ་པོ་དགོས། རྒྱ་ནག་གཞུང་གིས་རྟག་ཏུ་བགྲང་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་འཆམ་མཐུན་ཟེར་བ་སོགས་དགོས་ན། ངེས་པར་དུ་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་བསྒྱུར་བཅོས་གཏོང་དགོས།

དེ་མིན་ཕྱི་ལོ་༢༠༡༢ ཤར་ནས་ཟླ་ཁ་སོན་མེད་ཀྱང་བོད་མི་བཞི་ཙམ་གྱིས་བོད་དོན་དང་བོད་མི་རིགས་ཀྱི་ཆེད་དུ་ལུགས་མཐུན་གྱི་དགོས་འདུན་བཏོན་ནས་རང་ལུས་མེ་ལ་བསྒྲོན་ནས་སྐུ་སྲོག་བློས་བཏང་གནང་དགོས་བྱུང་ཡོད་པ་དང། ལོ་གསར་པ་འདིའི་ཟླ་ཁ་མ་སོན་གོང་ནས་འདིི་ལྟའི་བློས་བཏང་གི་བོད་མི་མང་པོས་རང་སྲོག་བློས་བཏང་བྱས་པར་དཔག་ན། ད་དུང་ཡང་བོད་མི་ཇི་ཙམ་གྱིས་འདི་ལྟར་གནང་མིན་ལ་ཚོད་དཔག་བྱེད་དཀའ་བས། དོན་རྐྱེན་འདིའི་རྒྱུ་རྐྱེན་ཡོངས་རྫོགས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་དང་ཆོས་དད་སློབ་གཉེར་བཀག་བསྡོམས། ཤེས་ཡོན་སློབ་གསོ་ཁ་སྒྱུར། ཁོར་ཡུག་གཏོར་བཤིག་དང་བྱིན་ཅན་གྱི་གནས་རི་གཙང་པོ་སོགས་ལ་གནས་པའི་རི་དྭགས་དང་ཉ་སྲིན་སོགས་རྩ་ཆད་འགྲོ་བར་མ་ལྟོས་པར། རང་ཕྱོགས་ཀྱི་ཁེ་ཕན་ཁོ་ན་དམིགས་ནས་བོད་ཡུལ་གྱི་སྣོད་བཅུད་གཉིས་ཀ་ཉམས་རྒུད་དུ་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འཛམ་གླིང་ཀུན་གསལ་ཡིན།

དེས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་འཛམ་གླིང་གི་ཚོགས་སྡེ་ཁག་དང་། རྒྱལ་ཁབ་ཁག རང་དབང་དང་མང་གཙོ་ལ་དགའ་བའི་གནད་ཡོད་མི་སྣ་སོགས་ཀྱིས་རྒྱ་ནག་གི་འཁྱོག་བཤད་ལ་ཐེར་འདོན་དང།  འཇིགས་སུ་རུང་བ་དང་དྲན་པ་ཙམ་གྱིས་ལུས་ལ་ན་ཟུག་ལངས་བའི་མེ་ལྕེ་དམར་པོའི་ཁྲོད་ནས། བོད་མི་རིགས་ཀྱིས་ཚེ་སྲོག་གཅིག་རྗེས་གཉིས་མཐུད་བྱས་ནས་འགྲོ་བཞིན་པ་དེ་དག་དོན་མེད་དུ་མ་སོང་བ། བོད་མི་ཤི་གསོན་གཉིས་ཀྱིས་དྲང་བདེན་གྱི་འབོད་སྐུལ་ལ་ངེས་པར་དུ་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་ལས། དེ་མིན་ངན་པ་རྒྱ་ཡན་དུ་བཏང་ན་འཛམ་གླིང་སྐྱེ་འགྲོ་སྤྱི་ལ་རྒུན་ཆག་དང། དུས་རབས་འདིའི་ནང་མི་རྣམས་ཀྱིས་འཚེ་མེད་ཞི་བའི་འཛམ་གླིང་བསྐྲུན་ཐབས་ཀྱི་རྨི་ལམ་དེ་ཡང་འགྲུབ་ཐབས་མེད་པ་ཆགས་ངེས་ཡིན། བོད་མི་མང་སྤྱིི་འཐུས་ལྷན་ཚོགས་ཀྱིས་ཕྱིི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༠ ལ། །

Menu