བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་བ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་འདུག

ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ ཙམ་ལ། རྔ་བ་རྫོང་ཨ་འདུས་ཥེ་བ་སྡེ་བའི་ཕ་རྒྱ་མཚོ་དང་མ་ལྷ་ཆུང་གཉིས་ཀྱི་བུ་རང་ལོ་ ༢༢ ཡིན་པ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་བཞི་མདོར་ལུས་ཡོངས་ལ་ས་སྣུམ་བཤོས་ཤིང་རང་ལུས་མེ་རུ་བསྒྲོན་ཏེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱས་ཡོད་པ་དང་། སྐབས་དེར་གཡས་གཡོན་གྱི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་མེ་གསོད་རྒྱུའི་ཚབ་ཏུ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གཅར་རྡུང་དྲག་པོ་བཏང་བ་དང་། རས་དཀར་པོ་ཞིག་གིས་བཀབ་ནས་ཉེན་རྟོག་དམག་མིས་རྡོག་རྫིས་བྱས་པར་བརྟེན། དེར་ཡོད་བོད་མི་རྣམས་དམག་དཔུང་གི་གི་གདོང་ལ་ལངས་ནས་ཁོང་བཙན་ཁྲིད་བྱེད་པའི་ལམ་ཁ་བཀག་པར། ཉེན་རྟོག་པས་ལྕགས་མདུང་འཛེར་མ་ཅན་གྱིས་མི་མང་ལ་གཅར་རྡུང་གིས། རྨེའུ་རུ་མའི་རུ་ཆེན་གཉིས་པའི་དགའ་ཚང་གི་ཆོས་ཀྱི་ཟླ་བ་རྔ་པ་རྫོང་སྨན་ཁང་དུ་ཡོད་ཀྱང་ཕལ་ཆེར་གསོན་པོ་ཡོང་རེ་མེད་པ་ལྟ་བུའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དང་། དེ་བཞིན་ཕོ་སར་གཉིས་ལ་གཅར་རྡུང་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། བུད་མེད་ཅིག་གི་མིག་ཡ་གཅིག་ལོང་བ་བཟོས་ཡོད་འདུག མེ་མདས་རྨས་སྐྱོན་ཕོག་པ་བུད་མེད་གཉིས་ཡོད་པ་ལས་གཞན་གསལ་པོ་ཤེས་རྟོགས་མ་བྱུང་ཡང་མི་མང་པོས་དེ་ལས་མང་བ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་དང་། མི་མང་གི་མཐོང་སར་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ།

བློ་བཟང་འཇམ་དབྱངས་ལགས་ལ་ཉེན་རྟོག་པས་གཅར་རྡུང་ཚོད་མེད་བྱས་པ་སོགས་ལ་བརྟེན། ཕྱི་ཚེས་ ༡༦ ཉིན་འབར་ཁམས་ནས་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཁོང་གི་ཕ་དམ་པ་རྒྱ་མཚོ་དང་གཉེན་ཉེ་སྐོར་ཞིག་འབར་ཁམས་ལ་སྐུ་ཕུང་ལེན་ཏུ་སོང་ཡོད་ཀྱང་ལག་སོན་བྱུང་ཡོད་མེད་ཤེས་རྟོགས་མ་ཐུབ།

བློ་བཟང་འཇམ་དབྱངས་ལགས་ཆུང་ཆུང་སྐབས་ཨ་འདུས་དགོན་པར་གྲྭ་བ་བྱས་ཤིང་། རྗེས་སུ་རྔ་པ་རྫོང་བོན་ཚེ་སློབ་གྲྭར་སློབ་ཆུང་གསུམ་པ་བར་སློབ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཕ་སྐད་གཙང་མའི་བགྲོ་གླེང་ཞིག་ཥེ་བ་སྡེ་བར་འཚོགས་པའི་གོ་སྒྲིག་བྱེད་མཁན་གཙོ་བོ་ཞིག་དང་། སྐབས་དེའི་བགྲོ་གླེང་གོ་སྒྲིག་བྱེད་སྐབས་རྒྱ་མིས་གནོན་ཤུགས་དང་འཇིགས་སྐུལ་མང་པོ་བྱས་མྱོང་སའི་བོད་མི་ཞིག་ཡིན་འདུག