བྱང་ཨ་ཪི་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་བྱུང་བ།

བྱང་ཨ་ཪི་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གྱི་ཉིན་བདེན་པའི་མེ་ལྕེའི་སྐོར་བསྐྱོད་གནང་བཞིན་པ།བྱང་ཨ་ཪི་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གྱི་ཉིན་བདེན་པའི་མེ་ལྕེའི་སྐོར་བསྐྱོད་གནང་བཞིན་པ།

ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཞུ་སླད། ཨ་རི་རང་ཁེ་ན་ཌ་རྒྱལ་ཁབ་གཉིས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་ལྔ་སྟོང་ཙམ་གྲོང་ཁྱེར་ནིའུ་ཡོག་ཏུ་འབྱོར་ཏེ། བོད་ནང་གི་བོད་མིར་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་ལ་གནོན་ཤུགས། མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་བདེ་སྡུག་ཞུ་རྒྱུར་དམིགས་ཏེ། ཞོགས་པ་བོད་མི་ཚོ་ནིའུ་ཡོག་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་འདུ་འཛོམས་དང་། སྐུ་ལུས་མེར་སྲེག་གཏོང་གནང་མཁན་རྒྱལ་གཅེས་པ་བོད་མི་ ༩༠ ལྷག་གི་སྐུ་དཔར་ལག་ཏུ་འཁྱེར་བཞིན་ཁོང་རྣམ་པར་མྱ་ངན་གུས་བཏུད་ངག་བཅད་སྐར་མ་གཅིག་ཞུས་རྗེས། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་ནོར་བུ་ཚེ་རིང་ལགས་གཉིས་ནས་བོད་དོན་སྤྱི་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གྱི་བྱུང་རིམ་སྐོར་གསུང་བཤད་གནང་ཡོད་པ་རེད།

བྱང་ཨ་ཪི་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གྱི་ཉིན་བདེན་པའི་མེ་ལྕེའི་སྐོར་བསྐྱོད་གནང་བཞིན་པ།བྱང་ཨ་ཪི་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གྱི་ཉིན་བདེན་པའི་མེ་ལྕེའི་སྐོར་བསྐྱོད་གནང་བཞིན་པ།

དེ་ནས་བྱང་ཨ་རིའི་སྤྱི་འཐུས་གཉིས་དང་། ནིའུ་ཡོག་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་ཚེ་རིང་། ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་བརྟན་ལྷ་སྐྱབས། ས་གནས་བུད་མེད་ཀྱི་ཚོགས་གཙོ་ཟླ་སྒྲོན། ས་གནས་ཆུ་སྒང་སྒྲིག་འཛུགས་ཀྱི་དགེ་བཤེས་བསྟན་པ་ལགས་བཅས་བོད་མིའི་སྐུ་ཚབ་ལྔ་གྲོང་ཁྱེར་ནིའུ་ཡོག་ཏུ་གཏན་གཞིས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལྕམ་སྐུ་ མ་རི་ཏ་ཀོ་ཧེ་ནན་ཤེ་རིཕ་ (Maarit Kohonen Sheriff) དང་། ཕྱག་རོགས་ལྕ་སྐུ་ ཨན་སུ་ཡ་ཏ་ (Ann Syuata) གཉིས་མཇལ་འཕྲད་དང་འབྲེལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བསྡུ་རུབ་ཞུས་པའི་ས་རྟགས་གསུམ་འབུམ་ལྔ་ཁྲི་ལྷག་དང་བོད་དོན་ཞུ་སྙན་བཅས་ཆབས་འབུལ་ཞུས་པ་དང་། སྐབས་དེར་བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་སྙན་གསན་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པས་མ་ཟད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་བོད་དོན་ཞུ་སྙན་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཡང་གནང་ཡོད་པ་རེད། ལྕམ་སྐུ་ ཀོ་ཧེ་ནན་ ལགས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁོ་མོའི་ལས་ཁུངས་སུ་ཕེབས་པར་སྔགས་བརྗོད་དང་། བོད་དོན་ཞུ་སྐུལ་ཁག་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཚོར་སྙན་གསན་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད་འདུག

སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་སྤྱི་འཐུས་ནོར་བུ་ལགས་བཅས་སྐུ་ཞབས་ཧ་རི་ལྷན་ WU (center) ཕྱོགས་སུ།སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་སྤྱི་འཐུས་ནོར་བུ་ལགས་བཅས་སྐུ་ཞབས་ཧ་རི་ལྷན་ WU (center) ཕྱོགས་སུ།

དེ་རྗེས་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་མཛད་རིམ་གཉིས་པ་འགོ་འཛུགས་ཀྱི་ཐོག་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། རྒྱ་རིགས་བོད་མིའི་གྲོགས་པོ་སྐུ་ཞབས་ ཡང་ཇ་ལི་ (Yang Jianli) རྩོམ་པ་པོ་ཁྲན་སྤོ་ཀོང་། (Chen Pokong) ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་བཅས་ནས་བོད་དོན་གསུང་བཤད་གནང་ཡོད་པ་དང་། དེ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཇོ་ལི་སྦར་མན་ (Joe Lieberman) ལགས་ཀྱི་གནང་བའི་བོད་དོན་གསུང་འཕྲིན་སྙན་སྒྲོན་དང་། དེ་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཊོ་ནི་སྦོ་ཅར་ (Tony Boucher) དང་། ཨ་རི་དང་ཁེ་ན་ཌ་གཉིས་ནས་འབྱོར་བའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་འགས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་རྗེས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཞུས་ཡོད་པ་རེད།

བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བསྡུ་རུབ་ཞུས་པའི་ས་རྟགས་གསུམ་འབུམ་ལྔ་ཁྲི་ལྷག་དང་བོད་དོན་ཞུ་སྙན་བཅས་ཆབས་འབུལ་ཞུས་བཞིན་པ།བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བསྡུ་རུབ་ཞུས་པའི་ས་རྟགས་གསུམ་འབུམ་ལྔ་ཁྲི་ལྷག་དང་བོད་དོན་ཞུ་སྙན་བཅས་ཆབས་འབུལ་ཞུས་བཞིན་པ།