བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་མཛད་སྒོའི་ཐོག་གཞུང་འབྲེལ་ཆེད་བཅར་གྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢ ཉིན་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་རྟེན་འབྲེལ་མཛད་སྒོའི་ཐོག་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་གིས་གསུང་བཤད་གནང་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བདག་ཅག་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག དེ་རིང་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་རྟེན་འབྲེལ་མཛད་སྒོར་ཆིབས་སྒྱུར་བསྐྱངས་བའི་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། བཀུར་འོས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། གཞན་ཡང་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པས་གཙོས་པའི་འདིར་ཕེབས་པའི་སྐུ་མགྲོན་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་རེས་ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞུང་འབྲེལ་ཐོག་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་རྟེན་འབྲེལ་མཛད་སྒོར་མགྲོན་འབོད་གནང་བ་ལྟར་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། བྱས་ཙང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་ད་རེས་སྤྱི་འཐུས་རྣམ་པ་གཉིས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆབས་ཅིག་ད་རེས་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་མི་མང་ཚོས་ལས་དོན་ཆེན་པོ་གཅིག་བསྒྲུབས་པར་འཚམས་འདྲི་དང་དགའ་བསུ་ཞུ་གི་ཡོད།

སྤྱི་ཁང་ཕུན་ཚོགས་སྡེ་བཞི་ལེགས་གྲུབ་བྱུང་བ་དེ་མི་གཅིག་དང་། ཚོགས་པ་གཅིག་གི་གྲུབ་འབྲས་ལྟ་བུ་མིན་པར། རྣམ་པ་ཚོ་ནིའུ་ཡོག་དང་ནིའུ་འཇར་སི་ལ་ཡོད་པའི་བོད་རིགས་ཡོངས་རྫོགས་དང་། ཚོགས་པ་སྐྱིད་སྡུག་ཚང་མས་མཉམ་རུབ་ཐོག་འགན་བཞེས་ནས་དམིགས་ཡུལ་ཆེན་པོ་ཞིག་བསྒྲུབས་པ་ཞིག་རེད། ང་རང་ཚོ་བོད་པའི་ཐུན་མོང་གི་དམིགས་ཡུལ་ནི་བོད་མི་རིགས་སྲུང་སྐྱོབ་བྱ་རྒྱུ་དེ་ཆགས་ཡོད་རེད། བོད་མི་ཚང་མ་འཛམ་གླིང་ཡོངས་ལ་ཁྱབ་ནས་གནས་བསྡད་ཡོད་རེད། ཡིན་ནའང་ང་ཚོ་ཚང་མ་གཅིག་ཏུ་བསྡུས་ཐུབ་མཁན་དེ་བོད་མི་རིགས་ཟེར་བ་དེ་ཆགས་ཡོད་རེད། དེ་གནས་ཐུབ་རྒྱུར། ང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་གཅེས་འཛིན་གནང་དགོས། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་ཆོས་དང་། རིག་གཞུང་། མི་རིགས་དེ་རྩ་ཆེན་པོ་ཡིན་པ་དང་། དམིགས་བསལ་བོད་པའི་སྐད་ཡིག་ཕྱུག་པོ་ཡིན་སྐོར་བཀའ་སློབ་ཡང་ཡང་ཕེབས་གནང་གི་ཡོད་རེད། བོད་པའི་རྩ་དོན་གྱི་དམིགས་ཡུལ་བསྒྲུབ་རྒྱུར། སྤྱི་ཁང་འདི་འདྲ་ཞིག་དགོས་པ་གཞིར་བཟུང་དམིགས་ཡུལ་བསྒྲུབས་ཐུབ་པ་དེ་ལས་དོན་ཆེན་པོ་ཞིག་བསྒྲུབས་ཐུབ་པ་རེད། བྱས་ཙང་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རིམ་པ་དང་། ས་གནས་བོད་རིགས་མི་མང་ཡོངས་ནས་མཉམ་རུབ་ཐོག་འགན་ཁུར་བཞེས་པའི་གྲུབ་འབྲས་ཞིག་ཡིན་པས། ངས་རྣམ་པ་ཚོར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་གི་ཡོད།

བོད་རིགས་སྤྱི་མཐུན་ཚོགས་པ་འདི་ཆོལ་ཁ་དབྱེར་མེད་ཀྱི་ཚོགས་པ་གཅིག་ཡིན་པ་མ་ཟད། ༧གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཤར་བསྐྱོད་བྱས་ནས་ཕྱག་ལས་གནང་མཁན་ཞིག་རེད། ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། སྤྱི་ཚོགས་ལ་སྨན་པའི་ཕྱག་ལས། བོད་པའི་རྩ་དོན་བཅས་ཀྱི་ཐོག་ལ་ཧུར་ཐག་རྦད་ཐག་གནང་གི་ཡོད་པ་གསལ་པོ་རེད། བོད་པ་ཟེར་བ་དེ་གནས་དགོས་ན། བོད་པའི་ཆོས་དང་རིག་གཞུང་གཅེས་འཛིན་གནང་རྒྱུ་དང་། དམིགས་བསལ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ། དེ་ལྟར་སྲུང་སྐྱོབ་གནང་རྒྱུར་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བུ་ཡིན། བྱས་ཙང་ང་ཚོ་ཚང་མས་སོ་སོའི་བུ་ཕྲུག་ཚོ་ལའང་བོད་སྐད་དང་བོད་ཡིག་ལ་དོ་སྣང་དང་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་རེད།

དེ་བཞིན་གཟའ་མཇུག་སློབ་གྲྭའི་ནང་ཡ་རབས་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ང་ཚོ་བོད་པ་ཚོ་ཕྱི་ལོགས་ནས་ཡ་རབས་བཟང་སྤྱོད་ལྡན་པའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བྱས་ཙང་བོད་པའི་ཡ་རབས་བཟང་སྤྱོད་ཀྱི་ས་བོན་གདབ་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། ང་རང་ཚོ་བོད་པ་ཚོས་བོད་ཀྱི་རྩ་དོན་ཐོག་ད་བར་ཐབས་ལམ་འདྲ་མིན་ཐོག་ནས་ལས་ཀ་ཡག་པོ་ཞེ་དྲག་གནང་ཡོད་པ་མ་ཟད། ཤུགས་རྐྱེན་དང་། རྒྱ་ནག་གཞུང་ལ་བརྡ་ལན་ཡང་བཏང་ཐུབ་ཡོད། ང་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་རང་དབང་གི་གོ་སྐབས་དེ་བེད་སྤྱད་ནས་རྩ་དོན་ཐོག་ཤུགས་རྒྱག་དགོས།

དེ་བཞིན་ང་ཚོས་དུས་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་དྲན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ཉེ་ཆར་༧གོང་ས་མཆོག་གིས་དགུང་ལོ་ ༡༡༠ བཞུགས་རྒྱུའི་ཞལ་བཞེས་གནང་བ་དེ་བོད་མི་ཚང་མར་གཏམ་བཟང་ཞིག་ཡིན། འོན་ཀྱང་དེ་ལྟར་སྐུ་ཚེ་ཞབས་པད་བརྟན་པར་ང་ཚོ་ཚང་མར་འགན་ཞིག་ཀྱང་ཡོད། དེ་ནི་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དང་། བོད་རང་དབང་སླར་གསོ་བྱས་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་རྒྱུ་དེ་ཡིན། བྱས་ཙང་ཚང་མས་རྡོག་རྩ་ཆིག་སྒྲིལ་གནང་རོགས་ཞེས་ཞུ་རྒྱུ་ཡིན་སོགས་ཀྱི་གསུང་བཤད་གནང་ཡོད་འདུག་པ་དང་།

ཕྱོགས་མཚུངས་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་གསུང་བཤད་གནང་དོན། སྤྱི་ཁང་གསར་ཉོ་ལེགས་གྲུབ་ཟིན་པ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དེ་བཞིན་གཡུ་སྒྲོན་དོན་ལྡན་ལགས་བཟའ་མི་གཉིས་ཀྱིས་གཙོས་པའི་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར། ཚོགས་པའི་རྒྱུན་ལས་རིམ་བྱོན་དང་དང་བླངས་མང་པོས་སྐུ་ལས་བསྐྱོན་པ་སོགས་ལ་བརྟེན་ནས་འབྲས་བཟང་སྨིན་པ་ཞིག་ཡིན་པས་འབྲེལ་ཡོད་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་།

སྤྱི་ཁང་འདི་བཞིན་༧རྒྱལ་བའི་བཀའ་དགོངས་ལྟར་རིག་གཞུང་གི་ལྟེ་གནས་ཁང་ཞིག་ཏུ་འཛིན་སྐྱོང་དགོས་པ་དང་། དེའི་ནང་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་དང་མཁས་དབང་སོགས་གདན་ཞུས་ཀྱིས་ཆོས་ལུགས་དབར་མཐུན་སྒྲིལ་དང་། ཆབ་སྲིད་དང་ཁོར་ཡུག་སོགས་ཀྱི་སྐོར་གོ་རྟོགས་བགྲོ་གླེང་གི་ལས་འགུལ་གོ་སྒྲིག། ལྷག་པར་དུ་བོད་རིགས་ན་གཞོན་ཚོར་བོད་མི་ཚད་ལྡན་གསོ་སྐྱོང་སླད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སློབ་ཁྲིད་དགོས་པ། མང་ཚོགས་ནས་རང་ཉིད་ཀྱི་སྒེར་ཁང་བཞིན་སྤྱི་ཁང་བདག་ཉར་བེད་སྤྱོད་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུ་རྒྱུ་དང་།

དེ་བཞིན་མང་ཚོགས་ལ་ཨ་རིའི་མི་སེར་ཡིན་མིན་ལ་མ་ལྟོས་པར། ཤ་ཁྲག་རུས་གསུམ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་ཐོག་མི་མང་རེ་རེའི་ངོས་ནས་རང་འགན་རང་འཁུར་དང་། ད་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་དོན་ཐོག་སྐུ་ལས་བསྐྱོན་གནང་ཡོད་པ་དང་། ད་དུང་མཛད་འགན་བཞེས་མུས་ལ་ང་ཚོས་ཁ་ནས་མགོན་པོ་གང་ཉིད་ལ་སྐྱབས་སུ་མཆི་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་དབུ་འོག་དཔུང་འདེགས་ཀྱིས་ནུས་པ་མཉམ་སྤུངས་དགོས་པ། བོད་ཀྱི་བདེན་མཐའ་གསལ་སླད་ཆིག་སྒྲིལ་ནི་ང་ཚོའི་སྲོག་རྩ་ཡིན་པར་བརྟེན་ཆེ་བཞག་ཆུང་བསྐྱུར་བྱེད་དགོས་པ། སྐབས་རེ་ང་ཚོའི་སྤྱི་ཚོགས་ནང་མི་རེ་གཉིས་ནས་དགོས་མེད་གནས་ཚུལ་བཟོ་བར་རྩིས་མེད་གཏོང་དགོས་པ། རྒྱ་ཆེ་ས་ནས་སུས་གང་གསུངས་པ་དང་། སོ་སོའི་ཕྱག་ལས་གནང་སྐབས་བོད་ཀྱི་རྩ་དོན་ལ་ཕན་གནོད་དགོངས་བཞེས་དགོས་པ་སོགས་ཀྱི་དྲན་སྐུལ་ཞུས་གནང་ཡོད་འདུག་པ་བཅས། །

 

 

Menu