བྱང་ཨ་རི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་མཆོག་ཁྱབ་ཁོངས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ལ་འཚམས་གཟིགས་སུ་ཕེབས་པ།

སྤྱི་འཐུས་མཆོག་གིས་གནས་ཚུལ་གནང་འབྱོར་ནང་གསལ་ནས་སྙིང་བསྡུས་ཟུར་བཏོན་གྱིས་བཀོད་པར། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན་སྤོ་ཀྲི་ལེན་ཌིར་ནུབ་བྱང་བོད་མིའི་རིག་གཞུང་བསྟི་གནས་ཁང་གསར་ཉོས་ཀྱིས་ཕྱི་ནང་གི་བཀོད་པ་ལེགས་གྲུབ་ཀྱི་དབུ་འབྱེད་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ ཆེན་པོ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱངས་སྐབས་ཨ་རི་ནུབ་ངོས་ས་ཁུལ་ཁག་ནས་མཇལ་ཁར་བཅར་འབྱོར་བོད་མི་ཆིག་སྟོང་བརྒལ་བ་འདུ་འཛོམས་ཐོག་གཙོ་བོ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་ཐབས་དང་། ལྷག་པར་དུ་བོད་དོན་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༢༥ ནས་ ༢༧ བར་སྤོ་ཀྲི་ལེན་ཌིར་ཝ་ཤིང་ཀྲོན་མངའ་སྡེའི་ལས་རྩོལ་སྐྱིད་སྡུག་གི་ལས་དོན་ཆེད་ཕེབས་ཀྱི་ལམ་ཞོར་ས་ཁུལ་མང་ཚོགས་ཁག་གཅིག་དང་ལྷན་དུ་དྲི་ལན་གྱི་ལམ་ནས་བསམ་ཚུལ་བརྗེ་ལེན་ལྷུག་པོར་གནང་།

ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ (Sanfrancisco) སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་སྤྱི་འཐུས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཏེ། ༸གོང་ས་མཆོག་ནས་བོད་མི་མང་ལ་བཀའ་དྲིན་ཇི་བསྐྱངས་ཀྱི་སྐོར་དང་། བོད་མི་ཚོས་ཁོང་གི་དགོངས་གཞི་ཁག་ཇི་བཞིན་འགྲུབ་ཐབས་སུ་ང་ཚོར་ལས་འགན་ཇི་ཡོད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད། གཞན་ཡང་བོད་མིའི་ངོ་བོ་མ་བརླག་པར་བདག་ཉར་ཆེད་རང་རེའི་བོད་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་སྣང་དང་སྦྱོང་བརྩོན་བྱ་གལ་ཆེ་སྐོར་གསུང་བཤད་དང་སྦྲགས་དོགས་འདྲི་ཁག་ལ་གསལ་འདེབས་ཞུས།

ཕྱི་ཟླ་ ༨ པའི་ཚེས་ ༣༠ ཉིན་ (Colorado) ས་གནས་སུ་འཚམས་གཟིགས་སྐོར་ཕེབས་སྐབས་སུ། སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོ་དང་མཉམ་དུ་ནང་མོལ་གོ་བསྡུར་ལྷུག་པོར་ཞུས་པ་མ་ཟད། དེར་བོད་ཡིག་འཛིན་གྲྭ་གསར་འཛུགས་ཀྱིས་ལོ་བཞི་ཙམ་སོང་འདུག་པ་དེར་ལྟ་ཞིབ་དང་ཆབས་ཅིག་ཏུ་མཐོ་རིམ་སློབ་གྲྭ་དང་། གཞི་རིམ་སློབ་ཕྲུག་གི་སློབ་མ་ཚོ་དང་ཟུར་དུ་ཐུག་ནས་བོད་ཀྱི་རིག་གཞུང་བདག་ཉར་དང་ཆབ་སྲིད་ཀྱི་འགན་འཁྲི་སོགས་ཀྱི་སྐོར་མཛུབ་སྟོན་གནང་། དེ་དགོང་གསོལ་སྟོན་དང་སྟབས་ཅིག་འདུ་འཛོམས་གོ་སྒྲིག་ལྟར་མི་མང་ ༡༥༠ བརྒལ་བ་མཉམ་འཛོམས་ཀྱི་སྟེང་སྤྱི་འཐུས་མཆོག་ནས་བོད་མི་མང་སྤྱི་ལྷན་གྱི་འགན་དབང་དང་། དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་གནས་ཐབས། ཆབ་སྲིད་སྐྱོང་སྟངས། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁ་ཕྱོགས། དང་བླངས་དཔྱ་དངུལ་འབུལ་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་ཟབ་རྒྱས་གནང་རྗེས་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་ཡོད་པ་རེད།