བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་འཚམས་གཟིགས་སུ་ཕེབས་པ།

interacting with community members of santa feinteracting with community members of santa fe

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུའི་ལས་རིམ་ལྟར། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་ཀྱང་ས་གནས་ཁག་བགོས་ཀྱིས་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།

སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ཕྱི་ལོ ༢༠༡༢ ཕྱི་ཟླ ༢ ཚེས་ཤར་ནས་འགོ་འཛུགས་གནང་སྟེ། མི་ནོ་སོ་ཀྲ་དང། སྤོར་ཀྲི་ལེན་ཌ། ཨ་སྤུ་ཀར་ཀི་དང་སན་ཏ་ཕེ་བཅས་སུ་འཚམས་གཟིགས་ལ་ཕེབས་པས། གོང་གསལ་ས་གནས་སོ་སོར་གནས་ཆགས་བོད་མི་རྣམས་ཀྱི་གནས་སྟངས་ལ་བལྟ་ཞིབ་ཙམ་མ་ཡིན་པར་བོད་རིགས་སྤྱི་མཐུན་ཚོགས་པ་ཚགས་ཚུད་ཡུན་གནས་དང་གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་བོད་གཞེན་བསྐྱེད་ཐབས། དེ་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཉམ་བོད་དོན་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་བ་མ་ཟད། ཁུལ་དེ་དག་གི་བོད་རིགས་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཐུགས་འགན་མི་མང་གིས་འོས་འདེབས་བྱས་པའི་འགོ་ཁྲིད་ལ་གསོལ་སྩལ་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་གནས་སྟངས་སྤྱི་དང། ཉེ་བའི་སྤྱི་ལྷན་གྲོས་ཚོགས་རིམ་པའི་གནད་དོན་གལ་ཆེ་ཁག་སོགས་འགྲེལ་བཤད་གནང་ཡོད་ལ། གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་ས་གནས་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་འབྲེལ་ལམ་བཟོ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག

གཞན་ཡང་ས་གནས་མང་ཚོགས་ནས་དཀའ་སེལ་ཞུ་དོན་དུ། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་ཆེད་དམིགས་བསལ་སློབ་དེབ་དང། མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་སློབ་མ་དང་གཞི་རིམ་སློབ་མའི་དབར་དམིགས་བསལ་གྱི་ལྷན་ཚོགས་གོ་སྒྲིག་གནང་ཐུབ་ན་ཕན་ཐོགས་ཡོད་ཚུལ། ཕྱི་རྒྱལ་ཡུལ་ལུང་ནང་གནས་པའི་བོད་རིགས་ཚོགས་པ་ཁག་ནས་བོད་མིའི་སྒྲིག་འཛུགས་ཆེད་ལོ་རེར་འཆར་ཅན་དུས་ཚོད་ངེས་ཅན་ལ་དཔལ་འབྱོར་འདུ་འགོད་དམིགས་བསལ་ཞིག་གནང་བ་ཡིན་ན་བོད་མིའི་སྒྲིག་འཛུགས་ཆེད་དངུལ་འབབ་མི་ཉུང་བ་ཞིག་ཕན་ཐོགས་ཐུབ་པའི་དགོངས་ཚུལ་གསུངས་མཁན་ཡང་ཡོད་འདུག ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉེན་སྲུང་ལྷོད་མེད་ཐོག་དུས་ནས་དུས་སུ་ལྷ་བླར་མོ་ལུང་ཐུགས་དམ་ཞུས་ཏེ་ཞབས་རིམ་བསྒྲུབ་དགོས་སྐོར་སོགས་མང་ཚོགས་ནས་དགོངས་ཚུལ་ཇི་གསུངས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུས་ཏེ་མཇུག་གནོན་ཆེད་འཛིན་སྐྱོང་བཀའ་ཤག་གཙོས་འབྲེལ་ཡོད་ཁུངས་སོ་སོར་གཏོང་རྒྱུ་ཡིན་པ་རེད།།

Menu