རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་སྤྱི་འཐུས་རྣམས་ཕྱི་ཟླ་༡ ཚེས་༡༨ ཞོགས་པ་ཆ་ཏི་ས་གྷར་དུ་འབྱོར་ཞིང། མངའ་སྡེའི་སྲིད་སྐྱོང་དང། སྤྱི་ཁྱབ་བློན་ཆེན། བློན་ཆེན་ཁག དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ལ་མཇལ་འཕྲད་ཀྱིས་ཕྱི་ཚེས་༢༡ ཉིན་ས་གནས་དེའི་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་དང། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་རྣམས། ཨོ་རི་ས་མངའ་སྡེའི་ནང་གི་ལས་འགུལ་མཇུག་བསྒྲིལ་ནས་ཕྱི་ཚེས་༡༨ ཉིན་ཆ་ཏི་ས་གྷར་མངའ་སྡེའི་རྒྱལ་ས་རའེ་པུར་དུ་འབྱོར་ཞིང། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཤེ་ཁར་དཏ་(Shri Shekhar Dutt)མཆོག་དང། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཊར་ར་མན་སིངྷ་(Shri Dr Raman Singh) མཆོག མངའ་སྡེའི་སོ་ནམ་བློན་ཆེན་སྐུ་ཞབས་ཅནྡྲ་ཤེ་ཀར་ས་ཧུ་(Shri Chandrashekar Sahoo) མཆོག ཤེས་རིག་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་བྲིཇ་མོ་ཧན་ཨ་གར་ཝལ་(Shri Brij Mohan Aggarwal)མཆོག ཤིང་ནགས་བློན་ཆེན་སྐུ་ཞབས་ཝིཀ་རམ་ཨུ་སནྡི་(Shri Vikram Usandi)མཆོག་བཅས་དང། དེ་བཞིན་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སོ་ཧན་པོ་ཊ་ཡེ་(Shri Sohan Potai)མཆོག་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་ཝག་རམ་ནི་ཏན་(Shri Sevak Ram Netan)མཆོག་གིས་དབུས་མངའ་སྡེའི་ནང་གི་གནད་ཡོད་མི་སྣ་རྣམས་ལ་མཇལ་འཕྲད་དང་འབྲེལ། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་འདུག་པ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་ཁག་གིས་གཙོས་གྲོས་ཚོགས་འཐུས་མི་གྲངས་༩༡ ཡོད་པའི་ནང་ནས་དངོས་སུ་ཞལ་མཇལ་མ་བྱུང་བ་རྣམས་ལ་རེ་རེ་བཞིན་མཚན་འཁོད་སྙན་ཞུ་དང་སྤྱི་འཐུས་རྒྱུན་ལས་ཀྱིས་བཟོ་འགོད་གནང་བའི་ཡིག་ཆ་བཅས་སྦྲག་བརྒྱུད་ནས་འབུལ་ལམ་ཞུས་ཡོད་པ་རེད།
ཆ་ཏི་ས་གྷར་མངའ་སྡེའི་སྲིད་སྐྱོང་དང། སྤྱི་ཁྱབ་བློན་ཆེན་གྱིས་གཙོས་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བའི་སྐབས་སུ་བོད་དོན་སྙན་སེང་ཞུས་པ་ཁག་ལ་ཐུགས་སྣང་ཆེན་པོས་གསན་འཇོག་གནང་བ་མ་ཟད། ཁོང་རྣམ་པས་བོད་ཀྱི་ནང་དུ་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་ལ་ངོ་རྒོལ་དང། བོད་དོན་ཐོག་ག་དུས་ཡིན་ནའང་རྒྱ་གར་གཞུང་འབངས་གཉིས་ནས་རྒྱབ་སྐྱོར་ཡོད་སྐོར་དང་། གྲོས་ཚོགས་གོང་འོག་གཉིས་སུ་བོད་དོན་སྐོར་གྲོས་ཆོད་འཇོག་རྒྱུར་གྲོས་འཆར་སླེབས་ཚེ་མངའ་སྡེ་དེའི་ནང་བི་ཇེ་པིའི་ཚོགས་པའི་འཐུས་མི་ ༡༢ (གྲོས་ཚོགས་གོང་མར་ ༢ དང་འོག་མར་ ༡༠)ཡོད་པ་ཚང་མས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་ཐུགས་ཚོར་ཆེན་པོའི་ཐོག་ནས་གསུངས་སོང་།
ཕྱི་ཚེས་༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ པ་ནས་འགོ་བཙུགས་དེ་རའེ་པུར་གྲོང་ཁྱེར་དུ་ཡོད་པའི་གསར་འགོད་མཐུན་ཚོགས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང། སྐབས་དེར་གསར་འགོད་པ་སུམ་ཅུ་ལྷག་ཙམ་ཕེབས་ནས་དོ་སྣང་ཆེན་པོའི་ཐོག་ནས་དྲི་བ་གཏོང་མཁན་ཡང་མང་པོ་བྱུང་འདུག་པ་མ་ཟད། བརྒྱུད་ལམ་ཁག་ཏུའང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་བྱུང་འདུག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཇལ་འཕྲད་བྱུང་བའི་སྐབས་ཀྱི་གནས་ཚུལ་ཡང་ས་གནས་དེའི་བརྒྱུད་ལམ་ཁག་མང་པོའི་ནང་དུ་ཐོན་པ་བྱུང་འདུག དེའི་དགོང་མོ་ས་གནས་དེར་ཡོད་པའི་བོད་རིགས་སུད་ཚོང་བ་དང་། བོད་དོན་རྒྱབ་སྐྱོར་བ་བཅས་མི་མང་བརྒྱ་ལྷག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཆ་ཏི་ས་གྷར་མངའ་སྡེ་ནས་མཇུག་བསྒྲིལ་ནས་ཕྱི་ཚེས་༢༡ ཉིན་གྱི་དགོང་མོ་ཇར་ཁནྜ་མངའ་སྡེ་རུ་འབྱོར་ནས། མངའ་སྡེ་དེའི་ནང་གི་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།