
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་སྐུ་ངོ་སྦྱིན་པ་ཕུན་ཚོགས་ལགས་དང་ལྷན་དུ་གཞུང་འཁོར་རྒྱུད་བྱང་འབྲས་ལྗོངས་ཀྱི་བོད་མིའི་སྡོད་སྒར་སྤང་གོང་དང་། ཆུང་ཐང་། མུ་ཤུར་ཐང་བཅས་ཀྱི་བོད་མི་རྣམས་དང་མཇལ་འཕྲད་གནང་ཡོད།

སྤྱི་འཐུས་རྣམ་གཉིས་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་བོད་མིའི་མི་འཐུས་རྣམས་ནས་ཕེབས་བསུའི་མཇལ་དར་དང་གསོལ་ཇ་འདེགས་འབུལ་གནང་བ་མ་ཟད། ས་གནས་མི་མང་ལ་བཀུར་འོས་སྤྱི་འཐུས་རྣམ་གཉིས་ནས་བཀའ་སློབ་གསུང་བཤད་གནང་བའི་ནང་། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་འཚམས་གཟིགས་ཕེབས་པའི་ངོ་སྤྲོད་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བའི་སྙིང་སྟོབས་ལས་འཕྲོས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། རྩ་དོན་འཐབ་རྩོད་ཐད་བོད་མི་ཚང་མས་འགན་འཁུར་ཆེ་བཞེས་དགོས་པའི་ཛ་དྲག་གི་དུས་ལ་བབས་ཡོད་པ་དང་། ལྷག་པར་དུ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སྤྱི་དང་། དམིགས་བསལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུར་འོས་འགན་ཆེ་བ་ཡོད་པ་བཅས་ཀྱི་སྐོར་གསུངས་གནང་ཡོད་པ་བཅས།
